logo

ཀྲུང་གོའི་མཚོ་སྔོན་རྨ་ཡུལ་གེ་སར་རིག་གནས་དར་ལག་གླེང་སྟེགས་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-29 ཀློག་གྲངས།:


ཀྲུང་གོའི་མཚོ་སྔོན་རྨ་ཡུལ་གེ་སར་རིག་གནས་དར་ལག་གླེང་སྟེགས་ཀྱི་མ་མཛད་སྒོ།

        ཟླ7པའི་ཚེས25ནས་ཚེས26བར། ཀྲུང་གུང་མཚོ་སྔོན་ཞིང་ཨུའི་དྲིལ་སྒྲོག་པུའུ་དང་། རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་། མཚོ་སྔོན《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གུང་མགོ་ལོག་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་། ཀྲུང་གུང་དར་ལག་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་གནང་བའི་ཀྲུང་གོའི་མཚོ་སྔོན་རྨ་ཡུལ་གེ་སར་རིག་གནས་དར་ལག་གླེང་སྟེགས་མགོ་ལོག་ཁུལ་དར་ལག་རྫོང་དུ་སྤེལ་ཞིང་། རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་འགན་ཁུར་བ། ཞིང་ཆེན་ཕྱི་ནང་གི་གེ་སར་རིག་གནས་ཆེད་མཁས་པ་དང་། ཤེས་ཡོན་པ། སྒྱུ་རྩལ་པ་སོགས་སྡོམ་པས་མི40ལྷག་ཐེངས་འདིའི་གླེང་སྟེགས་སུ་ཞུགས་པ་རེད།

ཀྲུང་གོའི་མཚོ་སྔོན་རྨ་ཡུལ་གེ་སར་རིག་གནས་དར་ལག་གླེང་སྟེགས་སྤེལ་བ།
ཀྲུང་གོའི་མཚོ་སྔོན་རྨ་ཡུལ་གེ་སར་རིག་གནས་དར་ལག་གླེང་སྟེགས་སྤེལ་བ།

        ཉིན་གཉིས་ཀྱི་གླེང་སྟེགས་བྱ་འགུལ་ཁྲོད། སྔ་གཞུག་ཏུ་ཀྲུང་གོའི་མཚོ་སྔོན་རྨ་ཡུལ་གེ་སར་རིག་གནས་དར་ལག་གླེང་སྟེགས་མགོ་རྩོམ་མཛད་སྒོ(གེ་སར་རིག་རྩལ་འཁྲབ་སྟོན)དང་། གེ་སར་རིག་གནས་རྒྱུན་འཛིན་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་བྱ་དགའ་གནང་བ། གེ་སར་རིག་གནས་སྲུང་སྐྱོབ་དཔེ་སྟོན་ལས་ཁུངས་ཀྱི་མཚན་བྱང་བཀལ་བ། མཚོ་སྔོན་ཞིང་ཆེན་གེ་སར་རིག་གནས་ཞིབ་འཇུག་རྟེན་གཞི་སེང་འབྲུག་སྟག་རྩེའི་རྡོ་བྱང་འཛུགས་པའི་མཛད་སྒོ་དང་།  རྨ་ཡུལ་གེ་སར་རིག་གནས་གླེང་སྟེགས། ཀྲུང་གོའི་མཚོ་སྔོན་གེ་སར་རྒྱལ་མོ་ཨ་སྟག་ལྷ་མོའི་རྡོ་བྱང་འཛུགས་པ། མགོ་ལོག་དར་ལག་གེ་སར་རྒྱལ་མོ་ཨ་སྟག་ལྷ་མོའི་རྟ་རྒྱུག་དུས་ཆེན་སྐབས་དང་པོའི་མགོ་རྩོམ་མཛད་སྒོ་སོགས་བྱ་འགུལ་རབས་དང་རིམ་པ་སྤེལ་ཞིང་། བྱ་འགུལ་འདི་དག་ལས་གེ་སར་རིག་གནས་ཤུལ་བཞག་དང་ཤུལ་གནས་ཀྱི་སྔོག་འདོན་དང་།  དཔྱད་གླེང་། མྱུར་སྐྱོབ་དང་སྲུང་སྐྱོབ་ཐད་ལ་སྔོན་སྐུལ་གྱི་ནུས་པ་ཆེས་ཆེར་ཐོན་ངེས་པ་རེད།


གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེ།

        གླེང་སྟེགས་སུ། ཆེད་མཁས་པ་དང་ཤེས་ཡོན་པ་སོ་སོས་གཞུང་ལུགས་དང་ལག་ལེན་ཉམས་མྱོང་གཉིས་ཀྱི་ཆ་ནས་གེ་སར་རིག་གནས་ཐད་ལ་བགྲོ་གླེང་མཛད་ཅིང་། ཚང་མས་གཅིག་མཐུན་གྱིས་འདོད་དོན། མགོ་ལོག་ཁུལ་གྱི་གེ་སར་རིག་གནས་ཞིབ་འཇུག་དང་འཕེལ་རྒྱས་ནི་སྐྱེ་ཁམས་ཁོར་ཡུག་ལ་དམ་དུ་སྦྲེལ་བའི་ཁར།  《གེ་སར》ལོ་རྒྱུས་སྙན་རྩོམ་རིང་མོའི་འབྱུང་ཁུངས་དང་ཁོར་ཡུག་སོགས་སྲུང་སྐྱོབ་དང་བཀོལ་སྤྱོད་ལེགས་པོར་བྱེད་དགོས་ལ། ཚང་མས་བློ་བསམ་ཞིབ་མོའི་ངང་ལྟ་ཚུལ་གསར་བ་དང་བསམ་བློ་གསར་བས་གེ་སར་རིག་གནས་ཞིབ་འཇུག་དང་སྲུང་སྐྱོབ་བྱེད་དགོས།


ཨ་སྟག་ལྷ་མོའི་རུས་མཁར་གྱི་རྡོ་བྱང་འཛུགས་པ་དང་ཨ་སྟག་ལྷ་མོའི་རྟ་རྒྱུགས་དུས་ཆེན་སྤེལ།

        ཀྲུང་གོའི་མཚོ་སྔོན་རྨ་ཡུལ་གེ་སར་རིག་གནས་དར་ལག་གླེང་སྟེགས་ནི་གེ་སར་རིག་གནས་ཞིབ་འཇུག་པ་དང་དམངས་ཁྲོད་སྒྱུ་རྩལ་པས་འབྲེལ་འདྲིས་དང་བགྲོ་གླེང་བྱ་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་ཞིང་། གེ་སར་རིག་གནས་རྒྱུན་འཛིན་དང་སྔོག་འདོན། སྲུང་སྐྱོང་དང་འཕེལ་རྒྱས་ཐད་ནས་དགེ་མཚན་ཆེན་པོ་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།