མཚོ་སྔོན་གྱི་ལོ་ཙཱའི་རིག་གཞུང་བགྲོ་གླེངས་ཐེངས་བརྒྱད་པ་གཏེར་ལེན་ཁ་གྲོང་ཁྱེར་ནས་བསྡུས།

ཚོགས་ར་དངོས།
ཟླ7པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ལོ་ཙཱ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་འགན་སྒྲུབ་གནང་བའི་མི་རིགས་སྐད་ཡིག་བྱ་བཞག་ཇེ་ལེགས་སུ་བཏང་ནས་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་བྱེད་པ་ཞེས་པ་བརྗོད་བྱར་བཟུང་བའི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་བྱ་བའི་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བརྒྱད་པ་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་བསྡུས་པ་རེད།

ཐེངས་འདིའི་ལོ་ཙཱའི་རིག་གཞུང་དཔྱད་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་
ཐོབ་མཁན་ལྷན་རྒྱས་ལ་གཟེངས་རྟགས་ཕུལ།
མཚོ་སྔོན་ཞིང་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའམ་ཞིང་ཆེན་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་བསྙེན་དང་། མཚོ་སྔོན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཙུན་ཧྲིག མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཉིག་ཅུན། སྔོན་མཚོ་སྔོན་ཞིང་ཆེན་ཡིག་སྒྱུར་ཁྲུའུ་ཡི་ཁྲུའུ་ཀྲང་ཧྥན་མགོན་པོ། སྔོན་མཚོ་སྔོན་རིག་རྩལ་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་གཅོད་པ་དོན་འགྲུབ། མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རིན་ཧའེ་དབྱིན། མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧའོ་ཧུ་པཱ་ལཱ། མཚོ་སྔོན་ཞིང་ཆེན་ཡིག་སྒྱུར་ཁྲུའུ་ཡི་འགོ་གཙོ་ཀྲང་ཧའེ་ཧྲིན། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན་མའེ་ཚེ་རིང་། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན། མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་གཞོན་པ་ཆི་ཧོང་ཧྥང་སོགས་འབྲེལ་ཡོད་འགོ་ཁྲིད་དག་དང་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་རུ་མི་རིགས་སྐད་ཡིག་བྱ་བ་སྤེལ་མུས་སུ་ཡོད་པའི་འགན་འཛིན་པ་དང་ཆེད་མཁས་པ་བཅས་བསྡོམས་པས་མི80ལྷག་ཐེངས་འདིའི་རིག་གཞུང་བགྲོ་གླེང་སྟེང་ཞུགས་པ་དང་། སྔོན་མཚོ་སྔོན་རིག་རྩལ་ལྷན་ཚོགས་ཀྱི་ཧྲིག་ཀྲང་གཞོན་པ་གཅོད་པ་དོན་འགྲུབ་གྱིས་རིག་གཞུང་བགྲོ་གླེང་ལ་མདོ་འཛིན་མཛད།
མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཉིག་ཅུན་གྱིས་རིག་གཞུང་བགྲོ་གླེང་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བ་དང་། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་གྱིས་རིག་གཞུང་བགྲོ་གླེང་སྟེང་ཉེ་བའི་ལོ་འགའི་རིང་གི་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་བྱ་བ་སྤེལ་བའི་གནས་ཚུལ་སྙན་ཞུ་ཕུལ།
མཚོ་སྔོན་ཞིང་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའམ་ཞིང་ཆེན་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་བསྙེན་གྱིས་གཏམ་བཤད་གལ་ཆེན་གནང་བ་མ་ཟད། ཐེངས་འདིའི་ལོ་ཙཱའི་རིག་གཞུང་དཔྱད་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་རྩོམ་པ་པོའི་མིང་ཐོ་ཁྱབ་བསྒྲགས་བྱས།
