མཚོ་སྔོན་ཞིང་ཆེན་བོད་སྨན་ངོས་འཛིན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
མཚོ་སྔོན་ཞིང་ཆེན་བོད་སྨན་ངོས་འཛིན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
གསོ་བ་རིག་པའི་བསྟན་པ་རྒྱས་པའི་སྨོན་ལམ་གྱེར་འདོན་བྱེད་བཞིན་པ།
ཟླ7པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་གཙོ་བསྒྲུབ་དང་མཚོ་ལྷོ་ཁུལ་བོད་སྨན་ཁང་གིས་འགན་བསྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་བོད་སྨན་ངོས་འཛིན྄གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་ཙོང་ཁ་རྫོང་ཁྱུང་རྒྱའི་ནགས་ཚལ་སྤྱི་གླིང་དུ་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འགོ་གཙོ་དང་། བོད་ལུགས་གསོ་རིག་གི་ཆེད་མཁས་གྲགས་ཅན། དེ་མིན་ཞིང་ཆེན་ཡོངས་ཀྱི་གཞི་རིམ་བོད་སྨན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་སོགས་ཚོགས་འདུར་ཞུགས་པ་རེད།
མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་གྲགས་ཅན་ཉི་མ་ལགས་སོགས་ཀྱིས་སྨན་སྣ་ངོས་འཛིན་དང་དཔྱད་བཤེར་བྱེད་བཞིན་པ།
འཚོལ་བསྡུ་བྱས་པའི་སྐྱེ་དངོས་སྨན་རྫས།
རིག་གཞུང་བགྲོ་གླེང་ཚོགས་འདུའི་སྟེང་། བོད་ལུགས་གསོ་རིག་ཆེད་མཁས་ཚེ་བཀྲ་ལགས་དང་། བསོད་ནམས་ཚེ་རིང་ལགས། ཀརྨ་ཚོགས་གཉིས་ལགས་སོགས་གདན་དྲངས་ནས་མིག་སྔའི་བོད་ལུགས་གསོ་རིག་ཁྱབ་ཁོངས་སུ་བོད་སྨན་ངོས་འཛིན་ཡང་དག་མ་ཡིན་པ་དང་། ཕུན་སུམ་ཚོགས་པའི་བོད་ལུགས་གསོ་རིག་སྨན་སྣ་བེད་སྤྱོད་པའི་རྒྱ་ཇེ་ཆུང་དུ་འགྲོ་བ། སྨན་སྦྱོར་ནུས་པ་ཇེ་ཞན་དུ་འགྲོ་བ་སོགས་ཀྱི་གནད་དོན་ལ་བགྲོ་གླེང་རྒྱ་ཆེན་པོ་བྱས་པར་མ་ཟད། བོད་ཀྱི་ཆེད་མཁས་གྲགས་ཅན་ཉི་མ་ལགས་སོགས་ཀྱིས་ཁོང་ཚོའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་འབྲེལ་ནས་ཡུལ་དངོས་སུ་སྐྱེ་དངོས་སྨན་རྫས་ཇི་ལྟར་ངོས་འཛིན་བྱེད་པ་དང་དེའི་ཕན་ནུས་སོགས་ཀྱི་ཐད་ནས་སློབ་སྟོན་གནང་བ་རེད།
ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བརྒྱུད་ནས། ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་གི་ཆེད་མཁས་གྲགས་ཅན་རྣམས་ཀྱི་ཉམས་མྱོང་དང་གསོ་བ་རིག་པའི་དཔྱད་འབྲས་ཕན་ཚུན་ལ་བརྗེ་རེས་དང་། བོད་སྨན་ངོས་འཛིན་གྱི་ནུས་པ་མཐོ་རུ་འདེགས་པ། བོད་ལུགས་གསོ་རིག་གི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་པ། ལྷག་པར་དུ་མཚོ་ལྷོ་ཁུལ་གྱི་བོད་ལུགས་གསོ་རིག་གི་བྱ་གཞག་ཡར་རྒྱས་གོང་འཕེལ་གཏོང་བར་དགེ་མཚན་མི་དམན་པ་ཞིག་བསྐྲུན་པ་རེད།