ཐེངས་གཉིས་པའི《ཐེམ་ཆེན་ས་གནས་ལོ་རྒྱུས》དཔེ་དེབ་ཀྱི་ཞིབ་གཤེར་བྱ་བ་བདེ་ལེགས་ངང་འགྲུབ་པ།
ཐེངས་གཉིས་པའི《ཐེམ་ཆེན་ས་གནས་ལོ་རྒྱུས》དཔེ་དེབ་ཀྱི་ཞིབ་གཤེར་བྱ་བ་བདེ་ལེགས་ངང་འགྲུབ་པ།
ཐེངས་གཉིས་པའི《ཐེམ་ཆེན་ས་གནས་ལོ་རྒྱུས》ཀྱི་དཔེ་དེབ་དེ1985—2010ལོ་ངོ་བརྒྱད་ཙམ་ལ་རྩོམ་སྒྲིག་བྱས་པ་བརྒྱུད།ད་ལོར་རྩོམ་སྒྲིག་བྱ་བ་ཕལ་ཆེར་ལེགས་འགྲུབ་བྱུང་། ཉེ་ཆར་ཐེམ་ཆེན་རྫོང་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཕྱི་ནང་གི་མཁས་དབང་དང་། ཆེད་མཁས་པ་གདན་ཞུ་བྱས་ཏེ་སྐབས་གཉིས་པའི་ཞིབ་གཤེར་བཞུགས་མོལ་ཚོགས་འདུ་བསྡུས།
ཐེངས་འདིའི་ཚོགས་འདུ་ལ་མཚོ་སྔོན་ཞིང་ཆེན་ས་གནས་ལོ་རྒྱུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཱང་ཀྲིན་ཆིན་དང་། མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།《ཐེམ་ཆེན་ས་གནས་ལོ་རྒྱུས》དཔེ་དེབ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བསོད་ནམས་དོན་གྲུབ་སོགས་འབྲེལ་ཡོད་ཀྱི་དབུ་ཁྲིད་དང་།《ཐེམ་ཆེན་ས་གནས་ལོ་རྒྱུས》དཔེ་དེབ་ཀྱི་རྩོམ་འབྲི་བ་རྒན་བསམ་ཚེ། ལན་ཀྲིག་སློབ་ཆེན་གྲངས་ཉུང་མི་རིགས་སྡེ་ཁག་གི་སློབ་དཔོན་ཙོང་ཁ་ཡོངས་གྲོལ་མགོན་པོ་སོགས་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དག་གཙོ་བྱས་ཏེ། ས་གནས་ཀྱི་ལས་ཁུངས་བཞི་བཅུ་ལྷག་ཙམ་གྱི་འབྲེལ་ཡོད་འགོ་ཁྲིད་ཐེངས་འདིའི་ཚོགས་འདུ་ལ་ཞུགས་ཡོད།
《ཐེམ་ཆེན་ས་གནས་ལོ་རྒྱུས》དཔེ་དེབ་ཀྱི་རྩོམ་སྒྲིག་བྱ་བ་དེ་2005ལོར་མགོ་བརྩམས་པ་དང་། ལོ་དེའི་ཟླ་བདུན་པར་ཐེམ་ཆེན་རྫོང་སྲིད་གཞུང་གིས་སྐབས་དང་པོའི《ཐེམ་ཆེན་ས་གནས་ལོ་རྒྱུས》དཔེ་དེབ་ཀྱི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དཔྱད་གཞིའི་རྒྱུ་ཆ་ལེགས་སྒྲིག་བྱས་ཤིང་། ལོ་ངོ་བརྒྱད་ཀྱི་རྩོམ་འབྲིའི་དུས་ཚོད་བརྒྱུད《ཐེམ་ཆེན་ས་གནས་ལོ་རྒྱུས》དཔེ་དེབ་ཀྱི་རྩོམ་སྒྲིག་བྱ་བ་ཕལ་ཆེར་ལེགས་འགྲུབ་བྱུང་།
《ཐེམ་ཆེན་ས་གནས་ལོ་རྒྱུས》ཀྱི་དཔེ་དེབ་འདིར་ཡིག་གྲངས་ཁྲི130དང་། ས་གནས་ཀྱི་འདྲ་པར་ཉིས་བརྒྱ། དཔེ་རིས་བརྒྱད་ཅུ། ཚན་པ་ཆེན་པོ་དགུ་དང་ཚན་ཆུང་བདུན་ཅུ་དོན་གཉིས། ལེའུ་ཆུང་བ་བཞི་བརྒྱ་དང་གསུམ་གྱིས་གྲུབ་ཡོད་ལ། དེ་ལས་ཚན་པ་ཆེན་པོ་དགུ་ནི་ཐེམ་ཆེན་རྫོང་གི་ས་རྒྱུས་དང་། རྨང་གཞིའི་སྒྲིག་ཆས། དཔལ་འབྱོར། དཔལ་འབྱོར་དོ་དམ། སྲིད་དོན། ཆབ་སྲིད། མང་ཚོགས་ཚོགས་པ། སྲིད་ཁྲིམས་དམག་དོན། སྤྱི་ཚོགས་ལས་དོན་བཅས་ཡིན་ལ།ས་གནས་ལོ་རྒྱུས་མཚོན་པའི་དཔེ་དེབ་འདི་ནི་མཚོ་སྔོན་ཞིང་ཆེན་ལ་མཚོན་ན་ས་ཁུལ་སོ་སོ་ནས་ཐེངས་གཉིས་པའི་ས་གནས་ལོ་རྒྱུས་འགྲེམས་སྤེལ་བྱས་པ་ལས་ཆེས་ཐོག་མའི་དཔེ་དེབ་དེ་ཡིན།
ཞིབ་གཤེར་ཚོགས་འདུ་ལ་གདན་ཞུ་བྱས་པའི་མཁས་དབང་དང་ཆེད་མཁས་པ་དག་གིས《ཐེམ་ཆེན་ས་གནས་ལོ་རྒྱུས》ཀྱི་དཔེ་དེབ་འདིའི་རིན་ཐང་གི་ཐད་ནས་རང་རང་གི་བསམ་ཚུལ་སྤེལ་བ་དང་།《ཐེམ་ཆེན་ས་གནས་ལོ་རྒྱུས》ཀྱི་དཔེ་དེབ་རྩོམ་སྒྲིག་བྱས་པ་འདིས་ས་གནས་ལོ་རྒྱུས་རྩོམ་སྒྲིག་བྱ་བ་ཚད་ལྡན་ཅན་དུ་བཏང་བར་མ་ཟད། ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ལས་ཁུངས་སོ་སོའི་ཡིག་ཚགས་ལེགས་སྒྲིག་གི་བྱ་བར་ངེས་ཟིན་གལ་ཆེན་ཞིག་ཐོབ་ཡོད།