ཆེད་མཁས་པས་བོད་རིག་པའི་དུས་དེབ་དཔྱད་འཇོག་མ་ལག་འཛུགས་སྐྲུན་ཐད་བགྲོ་གླེང་མཛད།
ཟླ6པའི་ཚེས22ནས་ཚེས23བར། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་སློབ་ཆེན་གཉིས་མཉམ་འབྲེལ་སྒོས་སྤེལ་བའི་སྐབས་དང་པོའི་རྒྱལ་ཡོངས་བོད་རིག་པའི་ཞིབ་འཇུག་དང་རིག་གཞུང་དུས་དེབ་ཀྱི་བགྲོ་གླེང་ཚོགས་འདུ་བོད་ལྗོངས་སློབ་ཆེན་དུ་སྤེལ་ཞིང་། ས་གནས་སོ་སོའི་བོད་རིག་པའི་དུས་དེབ་དང་། བོད་རིག་པའི་ཞིབ་འཇུག་ལས་ཁུངས་ཀྱི་འཐུས་མི80ཐེངས་འདིའི་བགྲོ་ཚོགས་སུ་ཞུགས་པ་རེད།
ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་བསྟན་དོན། བོད་རིག་པའི་དུས་དེབ་ཀྱི་འགོ་འཛུགས་འཕྱི་བ་དང་། རྒྱལ་ནང་གི་རིག་གཞུང་དུས་དེབ་གཞན་དག་དང་བསྡུར་ན་བོད་རིག་པའི་དུས་དེབ་འདི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་འབྲེལ་ལམ་དོག་ཅིང་བལྟས་བཅོས་ཀྱི་དཔྱད་འཇོག་མ་ལག་དཀོན་པ། རང་སྟེང་འཛུགས་སྐྲུན་དང་ཕྱི་ཕྱོགས་དྲིལ་སྒྲོག་གི་བྱ་བ་དུས་རབས་ཀྱི་རྗེས་སུ་ལུས་ཡོད་པ་སོགས་ལས། ཨང་ཀི་ཅན་དང་ཐོན་ཁུངས་མཉམ་སྤྱོད་སོགས་མངོན་འགྱུར་བྱེད་དཀའ་བའི་གནད་དུ་ལྷུང་། གནད་དོན་འདི་དག་གིས་བོད་རིག་པའི་དུས་དེབ་ཀྱི་རང་སྟེང་འཕེལ་རྒྱས་ལ་ཚོད་འཛིན་དང་བཀག་འགོག་ཆེན་པོ་བྱས་ཡོད་ཅིང་། ཚད་ངེས་ཅན་གྱི་སྟེང་ནས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཉིད་ཀྲུང་གོར་རྐང་འཛུགས་པ་དང་འཛམ་གླིང་དུ་བསྐྱོད་པའི་འཕེལ་རྒྱས་ཀྱི་དམིགས་འབེན་ལ་གནོད་རྐྱེན་བཟོས།
ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པས་གསུང་རྒྱུར། བོད་རིག་པའི་ཞིབ་འཇུག་གྲུབ་འབྲས་འདིས་རང་རྒྱལ་བོད་འབྲེལ་སྲིད་ཇུས་གཏན་འཁེལ་བྱེད་པར་འཆར་ཇུས་རང་བཞིན་གྱི་རིན་ཐང་ལྡན་ཞིང་། བོད་རིག་པའི་དུས་དེབ་དྲ་རྒྱའི་སྟེགས་བུ་འཛུགས་པ་དང་། བོད་རིག་པའི་ཞིབ་འཇུག་ཐོན་ཁུངས་དང་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད། བོད་རིག་པའི་མང་གླེང་དང་གལ་གནད་ཐད་ཀྱི་དོ་སྣང་བྱེད་ཚད་དྲག་ཏུ་གཏོང་བ། མར་ལེ་རིང་ལུགས་ཀྱི་བོད་རིག་པའི་ཞིབ་འཇུག་དཔུང་ཁག་མུ་མཐུད་དུ་གསོ་སྐྱོང་བྱེད་པ་སོགས་ནི་བོད་རིག་པའི་ཞིབ་འཇུག་དེང་རབས་ཅན་གྱི་གལ་ཆེའི་ལམ་བུར་སྙེག་པར་སྐུལ་འདེད་དང་། བོད་རིག་པའི་རིག་གཞུང་དུས་དེབ་འཛམ་གླིང་དུ་བསྐྱོད་པའི་ཕུགས་བསམ་གྱི་གདམ་ག་ཞིག་ཡིན།
ཀྲུང་གོའི་བོད་རིག་པའི་དུས་དེབ་ཀྱི་འབྲེལ་འདྲིས་བྱེད་ཤུགས་མུ་མཐུད་དུ་དྲག་ཏུ་གཏོང་བ་དང་། བོད་རིག་པའི་དུས་དེབ་ཀྱི་ཨང་ཀི་ཅན་དང་བོད་རིག་པའི་དུས་དེབ་ཀྱི་དཔྱད་འཇོག་མ་ལག་འཛུགས་སྐྲུན་གང་མགྱོགས་ཀྱིས་མངོན་འགྱུར་བྱེད་པར། ཐེངས་འདིའི་བགྲོ་ཚོགས་སུ་ད་དུང་རྒྱལ་ཡོངས་བོད་རིག་པའི་དུས་དེབ་མཐུན་འབྲེལ་ཚོགས་པ་བཙུགས།