དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་།
ཉེ་ལམ། ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེ་གདན་འདྲེན་ཞུས་ཏེ་རིག་གཞུང་འཆད་ཁྲིད་གནང་ཞིང་། བོད་རིག་པའི་སློབ་གླིང་དང་ལྷོ་ནུབ་མི་རིགས་ཞིབ་འཇུག་སློབ་གླིང་གི་འགོ་ཁྲིད་དང་དགེ་སློབ་ཡོངས་བཅས་བསྡོམས་པས་མི100ལྷག་ཐེངས་འདིའི་འཆད་ཁྲིད་ལ་ཞུགས་པ་དང་། བོད་རིག་པའི་སློབ་གླིང་གི་གླིང་གཙོའམ་དགེ་རྒན་ཆེན་མོ་བན་གོ་ཡིས་མདོ་འཛིན་མཛད།
དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེས་ཕར་ཕྱིན་མདོ་བྱུང་བའི་དུས་ཀྱི་རྒྱབ་ལྗོངས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་ཕར་ཕྱིན་མདོའི་དགོངས་འགྲེལ་སོགས་མང་པོ་འཆད་ཁྲིད་གནང་རྗེས། གོ་བདེ་བའི་ངང་ཐུ་བྷོད་དུས་སྐབས་ནས་རྗེ་ཙོང་ཁ་པའི་སྐབས་བོད་བརྒྱུད་ནང་བསྟན་གྲུབ་མཐའ་སོ་སོའི་བོད་ཀྱི་མཁས་དབང་དག་གིས་ཕར་ཕྱིན་མདོ་དགོངས་འགྲེལ་གྱི་གནས་ཚུལ་རྣམས་ཞིབ་བརྗོད་དང་། དགེ་རྒན་ཁོ་རང་ཉིད་ཀྱི་ཐུན་མིན་ལྟ་ཚུལ་ཡང་གསལ་བོར་བཏོན་པ་རེད།
འཆད་ཁྲིད་མཇུག་སྒྲིལ་རྗེས། དེ་གའི་དགེ་སློབ་རྣམས་ཀྱིས་དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེ་དང་བསམ་བློ་བརྗེ་རེས་བྱས་ཤིང་། དགེ་རྒན་ཁོང་གིས་སློབ་མའི་དྲི་བ་རེ་རེར་ལན་གསལ་བོ་བཏབ་པ་དང་། ཁོང་གི་གཏིང་ཟབ་པའི་རིག་གཞུང་ཉམས་ལེན་སོགས་ཀྱིས་དགེ་སློབ་རྣམས་ལ་བག་ཆགས་ཟབ་མོ་བཞག
གླིང་གཙོ་བན་གོ་ཡིས་སྤྱི་བསྡོམས་གནང་བ་དང་ཆབས་ཅིག སློབ་གྲྭའི་ཚབ་བྱས་ཏེ་དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེ་ལ་མགྲོན་ཞུ་དགེ་རྒན་ཆེན་མོའི་གདན་ཞུ་དཔང་ཡིག་གནང་།