ཐེངས64པའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་དང་སློབ་གྲྭའི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས།
ཁ་དོག་སྣ་ལྔའི་དབུགས་ལྒང་གི་གཡབ་མོའི་ཁྲོད་ནས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ།
དབྱར་ཟླ་ལྔ་བའི་ཉི་གཞོན་གྱི་ཟེར་མ་སྒེག་མོས་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ངང་གིས་བསུས་བྱུང༌། དགེ་སློབ་ཡོངས་ཀྱི་སྤྲོ་བ་དང་རེ་སྙེག་ཁྲོད་ནས་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ཡུན་གྱིས་སླེབས་བྱུང༌།
འཁྲབ་སྟོན་རུ་ཁག་ཚོགས་རར་བསྐྱོད་པ།
ཟླ5བའི་ཚེས29དང30སྟེ་ཉིན་གཉིས་ཀྱི་དུས་ཚོད་བེད་སྤྱད་ནས་རེབ་ཐེངས་དྲུག་ཅུ་རེ་བཞི་བའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་དང་བདེ་ལེགས་ངང་བསྡུས།
ཉིན་འདི་གར་ཁྲི་ཀ་རྫོང་གི་འགོ་ཁྲིད་དང་ཕྱོགས་ཡོངས་ཀྱི་མགྲོན་པོ་རྣམས་འཚང་ཁ་ཤིག་ཤིག་ངང་སློབ་གྲྭར་འདུས་ནས་རང་གི་བུ་བུ་མོའི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། མིག་དབང་འཕྲོག་ཅིང་ཡི་གར་འོང་ལ་མི་རིགས་ཀྱི་ཁྱད་ཆོས་དོད་པའི་ལྟད་མོ་དང་ཕུལ་དུ་བྱུང་བའི་ལུས་རྩལ་པ་རྣམས་ཀྱི་འཇོན་ཐང་ལ་དགའ་བསུའི་ཐལ་མོ་རྡེབ་ནས་འགྲན་ཞུགས་སློབ་མ་རྣམ་པར་སྙིང་རུས་བརྡབས་པ་དང་སྐུལ་སློང་ཡང་ཡང་གནང་།
རེབ་འདིའི་མདོ་འཛིན་པ་དགེ་སློབ་ཟུང་།
ཟླ5བའི་ཚེས29ཉིན་གྱི་སྔ་དྲོར་སློབ་གྲྭའི་ལུས་རྩལ་ཚོགས་ར་རུ་སློབ་བུ་སྟོང་ཕྲག་འགའ་ཡི་གདངས་མཉམ་པའི་འབོད་སྐད་དེ་ལུས་རྩལ་འགྲན་བསྡུར་གྱི་རམ་འདེགས་རོལ་དབྱངས་དང་སྡེབ་ནས་དགུང་དུ་སྤུར་ཞིང་། དགེ་སློབ་ཀུན་གྱི་ངོ་གདོང་ལ་སྤྲོ་དགའི་འཛུམ་མདངས་ལྷུག་གེར་མངོན་ཏེ་མདུན་བསྐྱོད་གོམ་པའི་སྟངས་སྟབས་ལ་གསོན་ཉམས་དང་སྟོབས་ཀྱིས་ཕྱུག ལྷག་པར་ལོ་རིམ་ཚན་ཁག་རེ་རེས་འགྲོས་ཁ་མཉམ་པའི་གྲལ་སྒྲིག་ཅིང་ཐུན་མོང་མིན་པའི་འབོད་ཚིག་སྒྲོག་ལ། མཚར་ཉམས་ལྡན་པའི་རུ་དཔུང་རེ་རེས་རང་རང་གི་ཕུན་སུམ་ཚོགས་པའི་རྣམ་པ་མངོན་པར་ལྟད་མོ་བ་ཀུན་གྱིས་དགའ་བསུ་ཐོབ་པའི་ཁར་སློབ་བུ་ཀུན་གྱི་འཆར་ཡན་མངོན་པའི་གསར་གཏོད་ཀྱི་འདུ་ཤེས་དང་འབུར་དུ་ཐོན་པའི་ལུས་རྩལ་རིག་གནས་ཀྱི་རྣམ་པ་དེ་ཡང་གསལ་ལེར་མངོན་ཡོད།
རྒྱལ་ཁ་ནི་སྐད་ཅིག་མའི་བར་སྟོང་ནས་རྙེད་ཐུབ།
ལོ་སྔོན་མ་དང་བསྡུར་ན་ཐེངས་འདིའི་ལུས་རྩལ་འགྲན་བསྡུར་གྱི་ནང་དོན་གྲ་ཇེ་རྒྱས་སུ་བཏང་བ་སྟེ། ལོ་སྔོན་མའི་མཆོང་རྒྱུགས་འཕེན་གསུམ་གྱི་སྐོར་ལས་གཞན། ལྒང་ལི་འགྲན་བསྡུར་དང་ཐག་འཐེན་འགྲན་སྡུར་སོགས་ལུས་རྩལ་གྱི་རྣམ་གྲངས་ཁ་བསྣན་ཡོད་པ་མ་ཟད་སློབ་བུའི་ཞུགས་ཚད་ཀྱང་ཇེ་མང་དང་། བྱ་དགའི་རིམ་པ་དང་རྒྱུ་སྤུས་སོགས་ཀྱང་གྱ་ནོམ་པར་བྱས་ཡོད།
མཇུག་མཐའི་གྲུབ་འབྲས་ཀྱི་རྒྱལ་ཁའི་བ་དན།
མཇུག་མཐར། སློབ་གྲྭའི་འགོ་ཁྲིད་དག་མཇུག་བསྡུ་བའི་མཛད་སྒོར་ཞུགས་ཤིང་། རིམ་པར་ལོ་རིམ་དགུ་བའི་འཛིན་གྲྭ་དགུ་བ་དང་ལོ་རིམ་བརྒྱད་པའི་འཛིན་གྲྭ་ལྔ་བ། ལོ་རིམ་བདུན་པའི་འཛིན་གྲྭ་བཞི་བ་སོགས་ལོ་རིམ་སོ་སོའི་མཐོ་དམའ་ལྟར་ཐུན་མོང་བྱ་དགའ་དང་མི་སྒེར་གྱི་བྱ་དགའ་གནང་པར་ཕྱོགས་བཞིའི་སྐུ་མགྲོན་རྣམ་པའི་ལྷང་ལྷང་ཐལ་མོའི་རྡེབ་སྒྲ་དང་རང་བྱུང་འཛུམ་གྱི་ཡོ་ལང་ཁྲོད་ནས་ཉིན་གཉིས་རིང་གི་དྲུག་གཅིག་དུས་ཆེན་དང་ལུས་རྩལ་འགྲན་ཚོགས་ཀྱི་བྱ་འགུལ་ཆེན་མོ་གཉིས་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བར་ར་སྤྲོད་བྱས་ཡོད་པའི་མི་ཚད། ལྟད་མོ་བ་རེ་རེར་བསུབ་མི་ཐུབ་པའི་བག་ཆགས་ཟབ་མོ་བཞག་ཅིང༌། འབྲལ་མི་ཐུབ་པའི་བརྩེ་བའི་མིག་ཆུ་སེམས་ལ་བསྐྱིལ།