དཔའ་རིས་དམངས་གླུའི་དབྱངས་སྙན་སློབ་རའི་ནང་དུ་ཁྱབ།
དམངས་ཁྲོད་གླུ་བ་གདན་འདྲེན་ཞུས་ནས་དཔའ་རིས་དམངས་གླུ་བརྒྱུད་ཁྲིད་བྱེད་པ།
སློབ་མ་རྣམས་ཀྱིས་དཔའ་རིས་དམངས་གླུ་ལེན་བཞིན་པ།
ཟླ5བའི་ཚེས17ཉིན་ལ། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་དང་མི་རིགས་སློབ་འབྲིང་གཉིས་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་དཔའ་རིས་དམངས་གླུ་སློབ་མར་བརྒྱུད་ཁྲིད་ཀྱི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད། སློབ་རའི་ནང་དུ་དཔའ་རིས་ཡུལ་ཀུན་ནས་གདན་འདྲེན་ཡོང་བའི་དམངས་ཁྲོད་གླུ་བ་དག་དང་རིག་རྩལ་མཁས་ཅན། མཐའ་སྐོར་གྱི་དམངས་ཚོགས་དང་དགེ་སློབ་ཡོངས་་ཀྱིས་གྱོན་འདོགས་གང་ཡག་གིས་མཛེས་པར་རྒྱན་ནས་དཔའ་རིས་དམངས་གླུའི་སྙན་དབྱངས་ཀྱི་དགའ་སྟོན་ལ་རོལ་བ་ཡིན།
རྒྱལ་ཁབ་རིམ་པའི་དཔའ་རིས་དམངས་གླུའི་རྒྱུན་འཛིན་པ་མཱ་ཅན་ཅོན་ལགས།
འགྲན་ཞུགས་སློབ་མས་དཔའ་རིས་དམངས་གླུ་ལེན་པ།
བྱེད་སྒོ་འདི་སྤེལ་དོན་ནི་རང་གི་ཤུལ་བཞག་རིག་གནས་ཏེ་དཔའ་རིས་དམངས་གླུ་འཇིན་སྐྱོང་སྤེལ་གསུམ་བྱེད་པ་དང་ལྷག་པར་དུ་རྗེས་རབས་སློབ་མ་ཚོར་ཁྲིད་དེའི་རིན་ཐང་དཔག་མེད་ཀྱི་སྲོལ་རྒྱུན་རིག་གནས་འདི་རང་ལག་ནས་བོར་བརླག་མི་གཏོང་བར་རྒྱ་ཆེར་སྤེལ་བའི་ཆེད་དུ་ཡིན། དཔའ་རིས་དམངས་གླུ་ནི2008ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་བཞག་པ་ནས་རྫོང་བོད་སྐད་ཡིག་ལས་ཤག་གིས་སྣེ་ཁྲིད་དེ་གླུ་དེབ་བསྒྲིགས་པ་དང་དམངས་ཁྲོད་གླུ་བ་གླུ་མ་གང་མང་མང་རྩ་འཛུགས་བྱས་ཏེ་དམངས་གླུ་འགྲན་ཚོགས་དང་སློབ་མར་བརྒྱུད་ཁྲིད་ཀྱི་བྱེད་སྒོ་ཐེངས་མང་སྤེལ་མྱོང་། ཐེངས་འདིའི་བྱེད་སྒོའི་སྟེང་དུ་བོད་སྐད་ཡིག་བྱ་བའི་ལས་ཤག་གི་མགོ་འཛིན་འཇའ་མོ་གནས་བརྟན་ཚེ་རིང་གིས་དཔའ་རིས་དམངས་གླུ་སྲུང་སྐྱོང་དགོས་པའི་གལ་ཆེན་རང་བཞིན་དང་ཇི་ལྟར་འཛིན་སྐྱོང་བྱ་དགོས་པའི་ཐབས་ཇུས་འཆར་གཞི་ལྷག་བསམ་རྣམ་དག་སྒོས་བསྟན་ཡོད།
ཐེངས་འདིའི་འགྲན་བསྡུར་ནི་སྔོན་ལ་དམངས་ཁྲོད་གླུ་བ་ཚོས་དཔེ་སྟོན་ཚུལ་དུ་གདོད་མའི་དམངས་གླུའི་དབྱངས་རྟ་བཟློས་མིན་དུ་རེ་རེ་བཞིན་བླངས་ཤིང་མཇུག་ནས་སློབ་མ་དྲུག་བཅུ་ལྷག་འགྲན་བསྡུར་དུ་ཞུགས་ནས་བྱ་དགའ་རིམ་པ་གསུམ་དུ་བགོས་ནས་གཟེངས་བསྟོད་བྱས་པ་ཡིན། དོན་སྙིང་ཆེན་པོ་ལྡན་པའི་འགྲན་བསྡུར་ཚོགས་ཆེན་འདི་བརྒྱུད་དེ་དཔའ་རིས་དམངས་གླུའི་དབྱངས་སྙན་ནི་དབྱར་གྱི་ཁུ་བྱུག་གསུང་དབྱངས་བཞིན་དུ་དཔའ་རིས་དཀར་པོའི་ཡུལ་ཆེན་ཀུན་དུ་ཁྱབ་ངེས་ལགས།
འགྲན་བསྡུར་མཇུག་རྫོགས་རྗེས་དགེ་སློབ་རྣམས་མཉམ་དུ་པར་བསྐྱོན་པ།