འཐུས་མི་ཡེ་ཤེས་ཟླ་བ་སོགས་ཀྱིས་སློབ་སྔོན་དང་མཐོ་འབྲིང་བར་རིན་མེད་སློབ་གསོའི་བསམ་ཚུལ་བཏོན།
ཉེ་བའི་ལོ་འགའི་ནང་སི་ཁྲོན་བོད་ཁུལ་གྱི་སློབ་གསོའི་ཆ་རྐྱེན་དང་ཆུ་ཚད་བསྟུད་མར་མཐོར་འདེགས་བྱུང་ནའང་། དཔལ་འབྱོར་འཕེལ་རྒྱས་སུ་བྱུང་བའི་ས་ཁུལ་དང་བསྡུར་ན་ད་དུང་བར་ཐག་ཡོད་པ་རེད། སི་ཁྲོན་གྱི་འཐུས་མི་རུ་ཁག་གི་དམངས་ཆེན་འཐུས་མིས་བསམ་ཚུལ་བཏོན་པ་སྟེ། སི་ཁྲོན་བོད་ཁུལ་གྱི་སློབ་སྔོན་དང་མཐོ་འབྲིང་བར་རིན་མེད་སློབ་གསོ་མངོན་འགྱུར་བྱེད་པ་མ་ཟད“འོས་འགན་སློབ་གསོའི་ཞིང་སྡེའི་སློབ་གྲྭའི་སློབ་མའི་འཚོ་བཅུད་ལེགས་བཅོས་ཀྱི་འཆར་འགོད”དུ་བཞག་སྟེ་སི་ཁྲོན་བོད་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས།
འཐུས་མིས་བསམ་དོན། རྒྱལ་ཁབ་ཀྱིས་སྔ་ནས་བཟུང་བོད་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ་ས་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པ་དང་མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་དང་མཐུན་པའི་མི་རིགས་ས་ཁུལ་གྱི་སློབ་གསོའི་མ་ལག་འཛུགས་སྐྲུན་གནང་། ཡིན་ཡང་རང་བྱུང་དང་། ལོ་རྒྱུས། རིག་གནས་སོགས་རྒྱུ་རྐྱེན་གྱི་དབང་གིས་སི་ཁྲོན་བོད་ཁུལ་གྱི་སློབ་གསོའི་ཕྱོགས་ཡོངས་ཆུ་ཚད་དམའ་བ་དང་། ནང་སྒོས་སུ་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་སློབ་གསོའི་རྐང་འཛུགས་འཕྱི་བ་དང་། རྨང་གཞི་ཞན་པ། ཤིན་ཏུ་རྗེས་ལུས་ཡིན་པ། དེ་མིན་ས་གནས་ཀྱི་སློབ་མའི་ལས་ཞུགས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་བསྐོང་ཐུབ་ཀྱི་མེད་སྟབས། ཐོད་བརྒལ་འཕེལ་རྒྱས་ཀྱི“འགག་རྩ”དང“ཞན་ཤུགས”ཤིག་ཏུ་གྱུར་ཡོད་པ་རེད། དེར་བརྟེན་འཐུས་མི་རྣམས་ཀྱིས་བསམ་ཚུལ་བཏོན་པ་སྟེ། ཕྱོགས་ཡོངས་ནས་འོས་འགན་སློབ་གསོའི་གྲུབ་འབྲས་ཁྱབ་བརྡལ་སྲ་བརྟན་གཏོང་བ་དང་ཆབས་ཅིག སློབ་སྔོན་སློབ་གསོ་དང་མཐོ་འབྲིང་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱེད་པ་པ་དང་། སློབ་གསོ་མགྱོགས་མྱུར་དང་དོ་སྙོམས། མཐུན་སྦྱོར་སྒོས་འཕེལ་རྒྱས་བྱེད་པར་སྐུལ་འདེད་བཏང་ན། བོད་ཁུལ་གྱི་མི་གྲངས་སྤུས་ཚད་མཐོར་འདེགས་དང་། བོད་ཁུལ་ཐོད་བརྒལ་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ཡོང་བར་དགེ་མཚན་ཆེ་ཆེར་ལྡན་པ་ཡིན།
སློབ་སྔོན་དང་མཐོ་འབྲིང་བར་རིན་མེད་སློབ་གསོ་མངོན་འགྱུར་བྱེད་པ།
དམངས་ཆེན་གྱི་འཐུས་མིའམ་དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བས་བརྗོད་དོན། སི་ཁྲོན་དཀར་མཛེས་བོད་ཁུལ་དུ་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་སློབ་གསོ་ཡོངས་སུ་རིན་མེད་ཀྱི་སྲིད་ཇུས་བསྟར་ཏེ་སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་བྱིས་པ་བྱིས་སྐྱོང་ཁང་དུ་ཞུགས་པ་དང་དམའ་འབྲིང་མཐར་ཕྱིན་སློབ་མ་སློབ་ཞུགས་ཀྱི་བྱ་བར་གཞོལ་གྱི་ཡོད།
ཡེ་ཤེས་ཟླ་བས་བསམ་ཚུལ་བཏོན་པ་སྟེ། རྒྱལ་ཁབ་ཀྱིས་སི་ཁྲོན་དཀར་མཛེས་བོད་ཁུལ་དུ་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་སློབ་གསོ་ཡོངས་སུ་རིན་མེད་ཀྱི་སྲིད་ཇུས་བསྟར་ནས་སློབ་སྔོན་སློབ་གསོ་དེ་ལོ་རེར་སློབ་མ་རེར་སྒོར1000གིས་གསོ་སྐྱོང་འགན་དངུལ་གྱི་རོགས་དངུལ་དང་། ལོ་རེར་སློབ་མ་རེར་སྒོར1450ཡིས་འཚོ་བའི་དངུལ་གྱི་རོགས་དངུལ་ཚད་གཞི་ལྟར་བཟུང་བ་དང་། སློབ་སྔོན་སློབ་གསོའི་བསླབ་དེབ་དེ་རྒྱལ་ཁབ་ཀྱི་རིན་མེད་མཁོ་སྤྲོད་དཔེ་དེབ་དཀར་ཆག་ཏུ་བཙུད་ནས་རིན་མེད་མཁོ་སྤྲོད་བྱེད་ཅིང་། སློབ་ཆུང་གི་ཚད་གཞི་ལྟར་སློབ་སྔོན་སློབ་གསོའི་སློབ་མ་རེའི་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་བཤེར་འབེབ་སྒོས་བྱིས་སྐྱོང་ཁང་བདེ་ཐང་འཁོར་སྐྱོད་ཡོང་བར་ཁག་ཐེག་བྱེད་དགོས་པ།
མཐོ་འབྲིང་གི་དུས་སྐབས་སུ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱིས་ཐོག་མར་ཚོད་ལྟ་རང་བཞིན་སྒོས་མཐོ་འབྲིང་སློབ་མར་སློབ་ཡོན་དང་བསླབ་དེབ་ཀྱི་རིན་མི་ལེན་པ་དང་། བཅའ་སྡོད་སློབ་མར་འཚོ་བའི་རོགས་དངུལ་གནང་དགོས་ཤིང་། མཐོ་འབྲིང་དཀྱུས་མའི་སློབ་མར་སློབ་ལོ་རེར་སློབ་མ་སོ་སོར་སློབ་ཡོན་མི་ལེན་པའི་མ་དངུལ་སྒོར1600དང་བསླབ་དེབ་ཀྱི་རིན་མི་ལེན་པའི་མ་དངུལ་སྒོར520ཡི་རོགས་དངུལ་དང་། བཅའ་སྡོད་སློབ་མར་འཚོ་བའི་རིན་སྒོར1450ཡིས་རོགས་དངུལ་བྱེད་པའི་ཚད་གཞི་ལྟར་བརྩི་བ།
“འཚོ་བཅུད་ལེགས་བཅོས་ཀྱི་འཆར་འགོད”དུ་འཇོག་པ།
དམངས་ཆེན་གྱི་འཐུས་མིའམ་རྔ་བ་ཁུལ་གྱི་ཁུལ་དཔོན་ཝུ་ཙིའུ་ཀང་གིས་བསམ་ཚུལ་འདོན་རྒྱུར། གཅིག་ནི་འོས་འགན་སློབ་གསོའི་སྲིད་ཇུས་ལྟར་སི་ཁྲོན་བོད་ཁུལ་གྱི་བྱིས་སྐྱོང་ཁང་དུ་ཞུགས་པའི་བྱིས་པར“གཅིག་སེལ་གཅིག་གསབ”ལག་བསྟར་བྱེད་པ་སྟེ། བྱིས་པ་སློབ་ཞུགས་ཀྱི་འགྲོ་ཡོན་ཡོད་ཚད་སེལ་བ་མ་ཟད་འཚོ་བའི་ཁ་གསབ་རོགས་དངུལ་སྤྱོད་ཆོག་པ། དེ་མིན་མཐོ་འབྲིང་སློབ་མར“གཉིས་སེལ་གཅིག་གསབ”ལག་བསྟར་བྱེད་པ་སྟེ། སློབ་ཡོན་སེལ་བ་དང་རིན་མེད་སྒོས་བསླབ་དེབ་མཁོ་སྤྲོད་བྱེད་པ། མ་ཟད་བཅའ་སྡོད་སློབ་མས་འཚོ་བའི་ཁ་གསབ་རོགས་དངུལ་སྤྱོད་ཆོག་པ། སློབ་ཞུགས་བྱིས་པ་དང་མཐོ་འབྲིང་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ནི་བོད་ཁུལ་འོས་འགན་སློབ་གསོའི་སློབ་མའི་འཚོ་བའི་རོགས་དངུལ་ལྟར་ལག་བསྟར་བྱེད་དགོས་པ། གཉིས་ནི་སློབ་ཞུགས་བྱིས་པ་དང་མཐོ་འབྲིང་སློབ་མ“འོས་འགན་སློབ་གསོའི་ཞིང་སྡེའི་སློབ་གྲྭའི་སློབ་མའི་འཚོ་བཅུད་ལེགས་བཅོས་ཀྱི་འཆར་འགོད”ལག་བསྟར་གྱི་ཁྱབ་ཁོངས་སུ་འཇོག་པ་དང་འདྲ་མཉམ་གྱི་སྲིད་ཇུས་སྤྱོད་ཆོག་པར་བྱེད་པ།