འོད་དུ་འཚེར་བའི་རེབ་གོང་འཇའ་མོའི་དཔེ་མཛོད་ཁང་།
འོད་དུ་འཚེར་བའི་རེབ་གོང་འཇའ་མོའི་དཔེ་མཛོད་ཁང་།
འཇའ་མོའི་དཔེ་མཛོད་ཁང་ནི་རེབ་གོང་མཐིལ་གྱི་རོང་བོ་སྡེ་བདུན་གྱི་ནང་ཚན་འཇའ་མོའི་སྡེ་བ་དང་རོང་བོ་གྲོང་བརྡལ་གཉིས་ཀྱི་འདྲེས་མཚམས་ན་ཆགས་ཡོད་ཅིང་། དེ་ནི་ཐུན་རིན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དང་འཇའ་མོ་སྡེ་བའི་མི་ཡིན་པ་མཁའ་འབུམ་རྒྱལ་ལགས་ཀྱིས་གཙོ་འགན་ཁུར་ཏེ་ཕྱག་འདེབས་བྱས་པའི་དམངས་ཁྲོད་ཀྱི་དཔེ་མཛོད་ཁང་ཞིག་ཡིན།
དཔེ་མཛོད་ཁང་དེ་ནི2011ལོའི་སྤྱི་ཟླ7པའི་ཚེས4ཉིན་སྤྱི་ཚོགས་ཡོངས་ལ་སྒོ་འབྱེད་བྱས། འཇའ་མོའི་དཔེ་མཛོད་ཁང་ནི1999ལོའི་ལོ་མཇུག་ནས་དཔེ་དེབ་ཉོ་སྒྲུབ་ཀྱི་འགོ་བཙུགས་ཏེ་ད་ལྟ་དཔེ་དེབ་དང་དུས་དེབ། དཔེ་ཆ་སྣ་རིང་། སྒྲ་ཐག་དང་བརྙན་སྡེར་བཅས་ཀྱི་རྒྱུ་ཆ་སྣ་ཚོགས་ཁྲི་ཁ་ལོངས་པ་བསགས་ཡོད། དཔེ་མཛོད་ཁང་འདི་ཐོག་མའི་དུས་སུ་མཁའ་འབུམ་རྒྱལ་ལགས་ཀྱིས་རང་ཁྱིམ་གྱི་ར་སྐོར་གྱི་ཆ་ཞིག་ཏུ་ཁང་པ་ཟུར་སྐྲུན་གྱིས་དཔེ་དེབ་བཞུགས་ས་དང་ཀློག་པ་པོས་ཀློག་ས་ཞིག་བསྐྲུན་ན་ཡང་། རིམ་གྱིས་དཔེ་དེབ་བསགས་འབོར་མགྱོགས་འཕེལ་བྱུང་སྟབས་དེའི་ནང་ལ་མ་ཤོང་སྟེ2009ལོར་ད་ལྟའི་དཔེ་མཛོད་ཁང་གི་ཁང་བརྩེགས་འདི་རྒྱག་དགོས་བྱུང་འདུག
འཇའ་མོའི་དཔེ་མཛོད་ཁང་ཞེས་པའི་ད་ལྟའི་དཔེ་མཛོད་ཁང་འདི་ནི་དཔེ་ཀློག་ཁང་གཙོ་བོ་དང་། གསུང་རབ་ཁང་། དུས་དེབ་ཁང་། སྒྲ་གཟུགས་ཀྱི་རྒྱུ་ཆ་ཁང་། འཛིན་གྲྭ་དང་ཚོགས་འདུའི་ཚོགས་ས་བཅས་ཀྱིས་གྲུབ་ཡོད། དེ་དག་ལས་དཔེ་ཀློག་ཁང་གཙོ་བོའི་ནང་དུ་བཅིངས་འགྲོལ་བྱས་ཚུན་ལ་མི་རིགས་དཔེ་སྐྲུན་ཁང་དང་པར་སྐྲུན་ཁང་དག་ནས་དཔེ་སྐྲུན་བྱས་པའི་བོད་རྒྱ་ཡིག་གི་དཔེ་དེབ་བརྒྱད་སྟོང་ལྷག་ཡོད།
གསུང་རབ་ཁང་ན་བཀའ་བསྟན་གྱིས་གཙོས་གསུང་རབ་ཤིང་པར་མ་པོ་ཏི500ལ་ཉེ་བ་ཙམ་བཞུགས་ཡོད། གསུང་རབ་ཁང་གི་པོ་ཏིའི་གྲངས་ཀ་འབོར་ཆེན་མིན་ན་ཡང་། པོ་ཏི་ཕལ་ཆེ་བ་ད་བར་དུ་མི་རྣམས་ཀྱི་སྤྱོད་ཡུལ་མ་གྱུར་བའི་གསར་དུ་པར་སྐྲུན་བྱས་པའི་དཔེ་དཀོན་ཡིན། དུས་དེབ་ཁང་ནི་བོད་ཡིག་གི་དུས་དེབ་སྣ་ཚོགས་ཧ་ཅང་འཛོམས་ས་ཞིག་ཡིན། ད་བར་ཡོངས་གྲགས་ཀྱི་དུས་དེབ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་སྦྲང་ཆར། བོད་ལྗོངས་ཞིབ་འཇུག་སོགས་གཞུང་སྒྲུབ་དུས་དེབ་མང་ཆེ་བ་ཁང་བ་འདིར་འཛོམས་ཡོད་པ་མ་ཟད། དེ་དག་གི་འདོན་ཐེངས་ཀྱང་མང་ཆེ་བ་འཛོམས་ཡོད། དེའི་སྟེང་ལ་དགོན་སྡེ་དང་ཚོགས་པ། དམངས་ཁྲོད་ཀྱི་དུས་དེབ་ཅི་ཐོན་མང་ཆེ་བ་ཕལ་ཆེར་འདིར་འཛོམས་ཡོད། གཞུང་སྒྲུབ་དང་སྒེར་སྒྲུབ་དུས་དེབ་སྣ་གྲངས་བསྡོམས་པས305ལྷག་ཡོད་ལ། དེ་ལས་སྒེར་སྒྲུབ་དུས་དེབ་སྣ་གྲངས160ལྷག་ལ་འདོན་ཐེངས་དེབ་གྲངས1200ལྷག་ཡོད། སྤྱི་བསྡོམས་པའི་འདོན་ཐེངས་དེབ་གྲངས3600ལྷག་ཡོད།
སྒྲ་བརྙན་ཁང་ནི་འོད་སྡེར་དང་། སྒྲ་ཐག བརྙན་ཐག་སོགས་གསོག་ས་དང་ལྟ་ཉན་བྱེད་ས་ཡིན། འདིའི་ནང་ན་འོད་སྡེར་དང་། སྒྲ་ཐག བརྙན་ཐག་གྲངས་ལྔ་བརྒྱ་ལ་ཉེ་བ་ཡོད་པའི་ནང་དུ། ད་བར་དུ་པར་སྐྲུན་བྱས་པའི་སྒྲ་གཟུགས་ཀྱི་རྒྱུ་ཆ་གལ་ཆེན་པོ་དང་མང་ཆེ་བ་འཛོམས་ཡོད་སྟབས། འདི་ཡང་བོད་ཡིག་གི་དཔེ་མཛོད་ཁང་གཞན་དུ་མཐོང་དཀོན་པའི་དམིགས་བསལ་གྱི་རྒྱུ་ཆའི་ཚོགས་ཤིག་ཡིན། རྒྱུ་ཆ་འདི་དག་མི་ཚོགས་ཀྱིས་མཉམ་དུ་ལྟ་ཉན་བྱེད་པའམ་ཡང་མི་རེ་རེས་རང་རང་གི་འདོད་མོས་ལྟར་ལྟ་ཉན་བྱེད་པའི་ཡོ་ཆས་སྒྲིག་ཡོད།
འཇའ་མོའི་དཔེ་མཛོད་ཁང་ནི་གོང་གསལ་གྱི་རྒྱུ་ཆ་རྣམས་གསོག་ས་དང་། ཀློག་པ་པོ་དབྱེར་མེད་ཀྱིས་རིན་མེད་དུ་ལྟ་ཀློག་ཉན་གསུམ་བྱེད་ས་ཡང་ཡིན། དེ་མ་ཟད་ད་དུང་རིག་གནས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ས་ཡང་ཡིན་ཏེ། ལོ་རེའི་དབྱར་གནང་སྐབས་སུ་སློབ་གྲྭ་ཆུང་འབྲིང་གི་སློབ་མར་དབྱིན་ཡིག་གི་སྦྱོང་བརྡར་བྱས་པ་དང་། ཡིག་རྨོངས་སེལ་བའི་འཛིན་གྲྭ་དང་། བོད་སྲོལ་དམངས་ཁྲོད་ཀྱི་མིག་མངས་འགྲན་བསྡུར། བོད་ཕྲུག་གི་གཏམ་དཔེ་བཤད་པའི་འགྲན་བསྡུར་ལྟ་བུའི་ལས་འགུལ་ཡང་སྤེལ་བཞིན་ཡོད།
འཇའ་མོའི་དཔེ་མཛོད་ཁང་ནས་ཀློག་པ་པོ་དབྱེར་མེད་ཀྱིས་དཔེ་མཛོད་ཁང་གི་རྒྱུ་ཆ་རྣམས་ལྟ་ཀློག་ཉན་གསུམ་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་མ་ཟད། གཞུང་འབྲེལ་ལས་ཁུངས་དང་། ཚོགས་པ། སློབ་གྲྭ་དང་ཞིབ་འཇུག་ཁང་རྣམས་ཀྱིས་དཔེ་མཛོད་ཁང་གི་ཚོགས་ཁང་དང་མཐུན་རྐྱེན་དག་ཚོགས་འདུ་ཚོགས་ས་དང་སྦྱོར་བརྡར་བྱེད་ས། རིག་གནས་ཀྱི་ལས་འགུལ་སྤེལ་ས་ལྟ་བུ་ལ་བེད་སྤྱོད་གཏོང་བར་ཡང་དགའ་བསུ་ཞུ་རྒྱུ་ཡིན།
འཇའ་མོའི་དཔེ་མཛོད་ཁང་ལ་འབྲེལ་གཏུགས་བྱེད་སའི་ཁ་པར་དང་དྲ་རྒྱ་སོགས་ནི་ད་དུང་འཆར་གཞིའི་ནང་དུ་ཡོད་ལ། དེ་དོན་ཐོག་ལ་མ་འཁེལ་བར་དུ་ཁ་པར་ཨང་གྲངས13209734638དང་གློག་རྡུལ་ཡིག་བྱངkhambum@yahoo.com.cnའདིར་བརྒྱུད་དེ་འབྲེལ་བ་གནང་རོགས།