མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་ལས་དོན་ཡར་སྐུལ་བྱས།
ཉེ་ལམ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་བྱ་བའི་སྤྱི་བསྡོམས་ལྟར་ན། 2012ལོར་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལ་དམིགས་ཏེ་རང་འགུལ་སྒོས་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་བརྩོན་ལེན་སྒོས་དོན་དངོས་དང་སྦྱར་ཏེ་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་བྱ་འགུལ་མང་པོ་སྤེལ་བ་དང་གྲུབ་འབྲས་ཀྱང་ལེགས་པོ་བླངས།
མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལས་དོན་ཡར་སྐུལ་བྱེད་པར། ན་ནིང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་མཚོ་སྔོན་གྲངས་ཉུང་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཤིག་བཙུགས། 2012ལོར་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཀྱི་འགན་ནུས་མུ་མཐུད་དུ་འདོན་སྤེལ་བྱས་ཤིང་། མཐུན་ཚོགས་ཉིད་སྟེགས་བུ་རུ་བཟུང་སྟེ་ལོ་ཙཱ་དང་རྩོམ་སྒྲིག་རྩ་འཛུགས་བྱས་པ་མ་ཟད་རྩོམ་པ་པོའི་དཔེ་སྐྲུན་ཁང་གིས《འབྲོང》ཞེས་པའི་བོད་སྐད་རྩོམ་རིག་ལོ་ཙཱའི་དཔེ་ཚོགས་འགྲེམ་སྤེལ་བྱས། དེར་བོད་ཀྱི་རྩོམ་རིག་སྟེགས་བུ་རུ་གསོན་ཤུགས་ལྡན་པའི་རྩོམ་པ་པོ20ཡི་བརྩམས་ཆོས་འདུས། མ་ཟད་རྩོམ་རིག་ལ་གཞོལ་བའི་མི་གསར་བ་གསར་རྙེད་དང་གསོ་སྐྱོང་བྱས་པ་དང་། བོད་སྐད་རྩོམ་རིག་རྒྱ་སྐད་དུ་བསྒྱུར་ཏེ་སྔར་ལས་ལྷག་པར་མི་རིགས་རྩོམ་རིག་གསར་རྩོམ་གྱི་གཡུལ་ས་ཆེར་བསྐྱེད་དེ་མཚོ་སྔོན་གྱི་རྩོམ་རིག་གསར་རྩོམ་ཕུན་སུམ་ཚོགས་པར་བྱས།
2012ལོར་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་འབྲོང་ཞེས་པའི་བོད་སྐད་རྩོམ་རིག་བྱ་དགའ་སྒྲིག་འཛུགས་གནང་བ་མ་ཟད་སྐབས་དང་པོའི་བྱ་དགའ་ལེགས་འདེམ་གྱི་ལས་གཞི་རྩ་འཛུགས་བྱས། འབྲོང་ཞེས་པའི་བོད་སྐད་རྩོམ་རིག་བྱ་དགའ་འདི་ལོ་གཉིས་ཀྱི་ནང་ཐེངས་གཅིག་ལ་འདེམ་པ་ཡིན་ཞིང་། འབྲོང་ཞེས་པའི་བོད་སྐད་རྩོམ་རིག་མ་ཡིག་བརྩམས་ཆོས་ཀྱི་བྱ་དགའ1དང་། བསྐོ་བཞག་བྱ་དགའ3། འབྲོང་ཞེས་པའི་བོད་སྐད་རྩོམ་རིག་ལོ་ཙཱའི་བྱ་དགའ1བཅས་སྒྲིག་བཀོད་གནང་།
གྲངས་ཉུང་མི་རིགས་རྩོམ་རིག་གིས་མཚོ་སྔོན་གྱི་དེང་རབས་རྩོམ་རིག་ཁྲོད་གནས་བབ་གལ་ཆེན་ཞིག་བཟུང་ཡོད་ཅིང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་བྱ་བའི་སྒྲིག་བཀོད་ལྟར། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས2012ལོར་མཚོ་སྔོན་ཞིང་ཆེན་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཚོགས་འདུ་ཐེངས་བཞི་བ་དང་། སོག་རིགས་རྩོམ་རིག་གསར་རྩོམ་གྱི་ཚོགས་འདུ་སྐབས་བཞི་བ། ཟ་ལར་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་ཚོགས་འདུ་ཐེངས་བཞི་བ་སོགས་བསྡུས་ཤིང་། དེར་ཞིང་ཆེན་ཕྱི་ནང་གི་མིང་གྲགས་རྩོམ་པ་པོ་དང་གཞུང་ལུགས་དཔྱད་བརྗོད་པ། གྲངས་ཉུང་མི་རིགས་སོ་སོའི་ཚབ་བྱེད་རྩོམ་པ་པོ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྲངས་ཉུང་མི་རིགས་རྩོམ་པ་པོ་སོགས་གདན་འདྲེན་ཞུས་ཡོད་པ་དང་། དེ་ཡང་བགྲོ་གླེང་དང་། དཔེ་ཚོགས་འགྲེམ་སྤེལ། བྱ་དགའ་འདེམ་པ། ཆེད་བསྒྲིགས་འགྲེམ་སྤེལ་སོགས་ཀྱི་རྣམ་པར་བརྒྱུད་དེ་གྲངས་ཉུང་མི་རིགས་སོ་སོའི་རྩོམ་རིག་གསར་རྩོམ་གྱི་མིག་སྔའི་གནས་སྟངས་ལ་སྔར་ལས་ལྷག་པར་རྒྱུས་ལོན་ཟབ་མོ་བྱས་པ་དང་། བླངས་ཟིན་པའི་གྲུབ་འབྲས་ཐད་སྤྱི་བསྡོམས་དང་སྔར་ཡོད་གནད་དོན་དག་ལ་རེ་རེ་བཞིན་དབྱེ་ཞིབ་བྱས་ལ། མ་འོངས་འཕེལ་རྒྱས་ཐད་ཁྱབ་ཆེ་བའི་སྒོ་ནས་གྲོས་མོལ་གནང་བ་རེད།
2012ལོར་བོད་ཀྱི་རྩོམ་རིག་གསར་རྩོམ་ཚོགས་འདུ་སྐབས་བཞི་བ་ཚོགས་རྗེས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་སྐབས་དང་པོའི་འབྲོང་ཞེས་པའི་བོད་སྐད་རྩོམ་རིག་མ་ཡིག་བརྩམས་ཆོས་ཀྱི་བྱ་དགའ་ཐོན་མཁན་ཏེ་མཚོ་སྔོན་གྱི་བོད་རིགས་རྩོམ་པ་པོ་སྟག་འབུམ་རྒྱལ་ལ་བརྩམས་ཆོས་ཀྱི་བགྲོ་གླེང་ཚོགས་འདུ་རྩ་འཛུགས་གནང་། མཚོ་སྔོན་གྱི་བོད་རིགས་རྩོམ་པ་པོ་ཚའོ་ཡུག་ཡུན་དང་བཀྲ་བྷ་གཉིས་ལ་སྐབས་བཅུ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་ཐོབ་པ་རེད།