ད་ལོ་ནས་བཟུང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཁྲི5ཡིས་རིན་མེད་སློབ་གསོ་སྤྱོད་ཆོག
རྒྱུས་ལོན་པ་ལྟར་ན། 2013ལོའི་དཔྱིད་དུས་སློབ་སྐབས་ནས་བཟུང་། མཚོ་སྔོན་ཞིང་ཆེན་གཞུང་གཉེར་དང་སྒེར་གཉེར་གྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཁྲི5ལ་སློབ་རིན་སྤྲོད་མི་དགོས་པའི་སྲིད་ཇུས་བཏོན་པ་མ་ཟད། སྲིད་གཞུང་གིས་ད་དུང་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་སློབ་རིམ་དང་པོ་དང་གཉིས་པའི་བསླབ་དེབ་གནང་རྒྱུ་ཡིན་པ་རེད།
མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་འགོ་གཙོ་ཝང་ཞོན་གྱིས་མཚམས་སྦྱོར་བཤད་རྒྱུར། སློབ་གྲྭ་བདེ་བླག་ངང་འཁོར་བསྐྱོད་བྱེད་པར་འགན་སྲུང་བྱ་ཆེད། རིན་མེད་སློབ་གསོ་ལས་སློབ་གྲྭའི་ཡོང་འབབ་ཉུང་དུ་སོང་བའི་ཁག་དེ་སློབ་མ་རེར་ལོ་རེར་སྒོར2000ཀྱི་ཚད་གཞི་ལྟར་ནོར་སྲིད་ཀྱིས་ཁ་གསབ་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་རིན་མེད་བསླབ་དེབ་གནང་བར་སློབ་མ་རེར་ལོ་རེར་སྒོར400ཡི་ཚད་གཞི་ལྟར་ཁ་གསབ་བྱེད་རྒྱུ་ཡིན་ཞིང་། རིན་མེད་སློབ་ཡོན་དང་བསླབ་དེབ་ཀྱི་འགྲོ་གྲོན་ནི་ཞིང་ཆེན་དང་ཁུལ། རྫོང་བཅས་མཉམ་གྱིས་འགན་ཁུར་དགོས་པ་དང་། དེའི་མཚུངས་སུ་སློབ་གྲྭས་སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་སོགས་ཀྱི་རྣམ་པར་བརྒྱུད་ཡོང་སྒོ་འཕར་སྣོན་བྱས་ཏེ་སློབ་ཡོན་མི་འདང་བར་ཁ་གསབ་བྱེད་དགོས། དེ་མིན། སློབ་ཡོན་ཚད་གཞི་དེ་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལས་མཐོ་བའི་ཆོག་མཆན་ལྟར་སྒེར་གཉེར་སློབ་གྲྭ་དང་འགྲོ་གྲོན་རང་རྐྱ་འཕེར་བའི་གཞུང་གཉེར་སློབ་གྲྭས་མུ་མཐུད་དུ་འབྲེལ་ཡོད་གཏན་འཁེལ་བཞིན་སློབ་མར་སློབ་ཡོན་བསྡུ་ཆོག
མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་འབྲིང་རིམ་ལས་རིགས་སློབ་གྲྭའི་རོགས་དངུལ་ལམ་ལུགས་འཐུས་སྒོ་ཇེ་ཚང་དང་རོགས་དངུལ་གྱི་སྤྱོད་ཁོངས་ལེགས་སྒྲིག་བྱས་ཤིང་། སློབ་གྲྭའི་སློབ་རིམ་དང་པོ་དང་གཉིས་པའི་ཞིང་བའི་སློབ་མ་དང་། གྲོང་ཁྱེར་གྱི་དཔལ་འབྱོར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མ། ཞིང་ལས་ཆེད་ལས་ཀྱི་སློབ་མ་བཅས་རོགས་དངུལ་གྱི་ཁྱབ་ཁོངས་སུ་འཇོག་པ་ཡིན་ལ། རོགས་དངུལ་གྱི་ཚད་གཞི་དེ་མི་རེར་ལོ་རེར་སྒོར1500ལྟར་ལག་བསྟར་བྱེད་པ་རེད།