གཡང་འབུམ་རྒྱལ་ནི་འབྲིང་རིམ་ལས་རིགས་སློབ་གྲྭའི་དྲ་རྒྱ་འཛུགས་སྐྲུན་གྱི་སྔོན་ཐོན་ལས་སྒྲུབ་པར་བདམས།

ཀྲུང་གོའི་སློབ་གསོ་ཆ་འཕྲིན་ཅན་གསར་གཏོད་དང་འཕེལ་རྒྱས་གླེང་སྟེགས་སྐབས་བཅུ་གཉིས་པ་ཧུའུ་ནན་ཁྲང་ཧྲ་རུ་བསྡུས།
ཉེ་ལམ། 2012ལོའི་སློབ་གསོ་པུའུ་སློབ་གསོ་དོ་དམ་ཆ་འཕྲིན་ལྟེ་གནས་ཀྱིས་གཙོ་སྒྲུབ་དང་། ཧུའུ་ནན་ཞིང་ཆེན་སློབ་གསོ་ཐིན་གྱིས་རོགས་སྒྲུབ་བྱས་པའི་ཀྲུང་གོའི་སློབ་གསོ་ཆ་འཕྲིན་ཅན་གསར་གཏོད་དང་འཕེལ་རྒྱས་གླེང་སྟེགས་སྐབས་བཅུ་གཉིས་པ་ཧུའུ་ནན་ཁྲང་ཧྲ་རུ་བསྡུས་ཤིང་། ཟི་ལིང་གྲོང་ཁྱེར་གྱི་དུས་རབས་ལས་རིགས་ལག་རྩལ་སློབ་གྲྭའི་བོད་ཡིག་དགེ་རྒན་གཡང་འབུམ་རྒྱལ་ཐེངས་འདིའི་གླེང་སྟེགས་སུ་ཞུགས།

བོད་ཡིག་དགེ་རྒན་གཡང་འབུམ་རྒྱལ་རྒྱལ་ཡོངས་འབྲིང་རིམ་ལས་རིགས་
སློབ་གྲྭའི་དྲ་རྒྱ་འཛུགས་སྐྲུན་གྱི་སྔོན་ཐོན་ལས་སྒྲུབ་པར་བདམས།
ཐེངས་འདིའི་གླེང་སྟེགས་སུ་ཞུགས་པའི་ཟི་ལིང་གྲོང་ཁྱེར་གྱི་དུས་རབས་ལས་རིགས་ལག་རྩལ་སློབ་གྲྭར་གཟེངས་རྟགས་བྱ་དགའ་གཉིས་ཐོབ་ཡོད་དེ། སློབ་གྲྭ་འདིའི་དྲ་རྒྱའི་ནང་དོན་ཕུན་སུམ་ཚོགས་ཤིང་ཇུས་འགོད་ཚད་ལྡན་ཡིན་པ། དོ་དམ་ལེགས་པ། ཆ་འཕྲིན་གསར་སྐྲུན་བཅས་ཀྱི་ཐད་ནས་ཁས་ལེན་གང་ལེགས་ཐོབ་ཅིང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ལག་རྩལ་ལྟེ་གནས་ཀྱིས་སློབ་གསོ་པུའི་སློབ་གསོ་ཆ་འཕྲིན་དོ་དམ་ལྟེ་གནས་སུ་མཚམས་སྦྱོར་བྱས་ལ། རྒྱལ་ཡོངས་ལས་རིགས་སློབ་གསོ་དྲ་རྒྱ་འགྲན་གླེང་ཁྲོད་རྒྱལ་ཡོངས་ཀྱི་ཕུལ་བྱུང་དྲ་རྒྱ་རུ་བདམས་པ་དང་། མཚོ་སྔོན་ཞིང་ཆེན་དུ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་འདི་གཅིག་པུར་བྱ་དགའ་ཐོབ་པ་ཡིན་ལ། དེའི་མཚུངས་སུ་སློབ་གྲྭ་འདིའི་བོད་ཡིག་དགེ་རྒན་གཡང་འབུམ་རྒྱལ་རྒྱལ་ཡོངས་འབྲིང་རིམ་ལས་རིགས་སློབ་གྲྭའི་དྲ་རྒྱ་འཛུགས་སྐྲུན་གྱི་སྔོན་ཐོན་ལས་སྒྲུབ་པར་བདམས་པ་རེད།
