བོད་ལྗོངས་སློབ་ཆེན་གྱི་ཚན་ཞིབ་བྱ་བར་གྲུབ་འབྲས་ལེགས་པོ་བྱུང་བ།
བོད་ལྗོངས་སློབ་ཆེན།
ཉེ་ལམ། 2012ལོའི་བོད་ལྗོངས་སློབ་ཆེན་གྱི་ཚན་ཞིབ་བྱ་བའི་གྲུབ་འབྲས་ཐད་སྤྱི་བསྡོམས་བྱས་ཤིང་། དེ་ཡང་ཕྱོགས་ཡོངས་ནས་སློབ་གྲྭའི་ཚན་ཞིབ་ལས་དོན་འཕེལ་རྒྱས་དང་། ཚན་རྩལ་གསར་སྐྲུན་ཆུ་ཚད་མཐོར་འདེགས། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཞབས་ཞུའི་ནུས་ཤུགས་དྲག་ཏུ་གཏོང་བ། བསླབ་ཚན་འཛུགས་སྐྲུན་དང་མི་སྣ་གསོ་སྐྱོང་ཐད་སྐུལ་འདེད་བཅས་བྱེད་པར། 2012ལོར་བོད་ལྗོངས་སློབ་ཆེན་གྱིས་ཚན་རིག་ཞིབ་འཇུག་ཁྲོད་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཅིང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཞབས་ཞུའི་ནུས་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་བ་རེད།
2012ལོར། བོད་ལྗོངས་སློབ་ཆེན་ལ་བསྡོམས་པས་ཞིང་ལྗོངས་རིམ་པ་ཡན་གྱི་ཚན་ཞིབ་རྣམ་གྲངས92ཐོབ་པ་དང་། བརྗོད་གཞིའི་རྣམ་གྲངས20ལ2012ལོའི་བོད་རང་སྐྱོང་ལྗོངས་མཚན་ཉིད་སྤྱི་ཚོགས་ཚན་རིག་ཆེད་དོན་ཐེབས་རྩའི་རོགས་དངུལ་ཐོབ། མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་རྡུལ་ཕྲ་རབ་འཕེལ་འགྱུར་ཞེས་པའི་རུ་ཁག་དེ2012ལོའི་སློབ་གསོ་པུའི་གསར་གཏོད་རུ་ཁག་འཕེལ་རྒྱས་འཆར་འགོད་ཅེས་པར་བདམས་པ་དང་། དེ་ལས་མི་གཅིག2012ལོའི་སློབ་གསོ་པུའི་དུས་རབས་གསར་བའི་ཕུལ་བྱུང་མི་སྣ་རྒྱབ་སྐྱོར་འཆར་འགོད་ཅེས་པར་ཚུད་ལ། འདི་དག་ལ་བསྡོམས་པས་ཚན་ཞིབ་མ་དངུལ་སྒོར་བྱེ་བ3ཐོབ་པ་རེད།
2012ལོར། བོད་ལྗོངས་སློབ་ཆེན་གྱིས་ཆེད་དཔེ་དང་བསླབ་དེབ། ལོ་ཙཱའི་ཆེད་དཔེ་བཅས36པར་བསྐྲུན་བྱས་པ་དང་། རིག་གཞུང་དཔྱད་རྩོམ396སྤེལ་ལ། 《བོད་ཡིག་མཉེན་ཆས་ཚན་ཞིབ་སྔོག་འདོན་དང་ཁྱབ་སྤྱོད》ཅེས་པར་རྒྱལ་ཁབ་ཚན་རྩལ་འཕེལ་རྒྱས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་ཅིང་། 《བོད་ལྗོངས་སློབ་ཆེན་གྱི་སློབ་རའི་ཚགས་པར》(སྤྱི་ཚོགས་ཚན་རིག་པར་གཞི)ཉིད་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རིག་གཞུང་དུས་དེབ་འདོན་ཐེངས་གཉིས་པའི་རོགས་དངུལ་དུ་བདམས་ཤིང2012ལོར་བོད་ལྗོངས་སུ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རོགས་དངུལ་ཐོབ་པའི་རིག་གཞུང་དུས་དེབ་ཉག་ཅིག་ཡིན། 2012ལོར་བོད་ལྗོངས་སློབ་ཆེན་གྱི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས7དང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི་རྣམ་གྲངས2། སློབ་གསོ་པུའི་མི་ཆོས་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་རྣམ་གྲངས6། རང་སྐྱོང་ལྗོངས་ཚན་རྩལ་འཆར་འགོད་དང་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི་རྣམ་གྲངས12བཅས་བཤེར་འབེབས་གནང་བ་རེད།
དེ་མིན་བོད་ལྗོངས་སློབ་ཆེན་གྱིས2012ལོར་ཚན་ཞིབ་དང་ཁེ་ལས་མཉམ་འབྲེལ་ཐད་དང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཞབས་ཞུའི་ནུས་ཤུགས་ཐད་བསྟུད་མར་ཇེ་དྲག་ཏུ་བཏང་།