logo

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གནའ་གཏམ་བཤད་པའི་འགྲན་བསྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-26 ཀློག་གྲངས།:

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གནའ་གཏམ་བཤད་པའི་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གནའ་གཏམ་
བཤད་པའི་འགྲན་བསྡུར་གྱི་བྱ་འགུལ་སྤེལ།

        ཟླ12པའི་ཚེས23ཉིན། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བློ་ལྡན་གླིང་གིས་སློབ་སྐབས་འདིའི་ཆེས་མཐའ་མཇུག་གི་བྱ་འགུལ་གནའ་གཏམ་བཤད་པའི་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་ཞིང་། བྱ་འགུལ་འདི་ནི་ཆེད་དུ་སློབ་བུ་ཆུང་ཆུང་ཚོར་དམིགས་ནས་སྒྲུབ་པ་ཞིག་རེད། ཁོ་ཚོས་སློབ་གྲྭའི་འཚོ་བར་སྤྲོ་སྣང་དང་ལྷོད་གཡེང་གི་མཁའ་དབུགས་ཤིག་བསྐྲུན་པ། ལྷག་པར་རང་ནུས་སྔོག་འདོན། ཕན་ཚུན་སློབ་སྦྱོང་དང་སྐུལ་འདེད། ཡིད་རྟོན་བཅས་སྐྱེད་སྲིང་བྱེད་ཐུབ་པའི་དགོངས་དོན་གཞིར་བཟུང་ནས་སྒྲུབ་པ་ཞིག་ཀྱང་ཡིན་ལས་ཆེ། མ་ཟད་སློབ་བུའི་གཏམ་བརྗོད་ཀྱི་སྨྲ་ལྕེ་དང་བརྟན་བརླིང་གི་སེམས་གཤིས་གསོ་སྦྱོང་།  རོལ་རྩེད་དང་སློབ་སྦྱོང་ཟུང་འབྲེལ། སློབ་ཐུན་དང་སློབ་ཕྱིའི་སྦྱོང་བརྡར་སྡེབ་སྟེ་སྣ་འཛོམས་ཀྱི་སློབ་སྦྱོང་ཐབས་ལམ་ལ་སྐུལ་འདེད་བྱེད་པའི་བྱ་འགུལ་ཞིག་ཏུ་འགྲུབ་པའི་རེ་སྙེག་ཡོད། 
        རེབ་འདིའི་བྱ་འགུལ་ལ་སློབ་བུ་ཆུང་ཆུང་ཚོས་རང་ས་ནས་མཛེས་པའི་གཟབ་འཕྱོར་སྤྲས་ཤིང་བྱ་འགུལ་ལ་ཞུགས་འདོད་ཀྱི་ཀུན་སློང་རྣམ་དག་བསྣམས་ནས་མཇུག་མཐའི་འབྲས་བཟང་ཞིག་ཐོབ་པའི་ཆོད་སེམས་བརྟན་པོ་མངའ་བ་ལས་གཞན། རང་སེམས་ལ་རང་ག་བའི་སྟོབས་ཤུགས་ཁྱད་པར་བ་ཞིག་དང་ཡིད་ཆེས་རྨ་མེད་པ་ཞིག་རུམ་ནས་སྤྲོ་མགུ་ཆེན་པོས་བྱ་འགུལ་གྱི་མགོ་མཇུག་བར་གསུམ་ལ་སེམས་པས་ཟབ་ཞུགས་བྱས་ཤིང་རང་ནུས་ཅི་ལྕོག་གིས་ཁ་བྱང་མི་གཅིག་ཅིང་ནང་དོན་རེ་རེས་སློབ་གསོའི་ནུས་པ་ཐོན་པ། ཡིད་འགུག་སྤྲོ་སྣང་འཁོལ་བ། གསོན་ཉམས་དོད་པའི་གཏམ་རྒྱུད་རེ་རེ་ལྷུག་པོ ར་བཤད་ཅིང་། སློབ་གྲོགས་ལྔ་བརྒྱ་ལྷག་དང་ལྷན་དུ་སྤྲོ་མཚར་ཆེ་བའི་ཕྱི་དྲོའི་དུས་ཡུན་ཞིག་ཇི་ལྟར་འདས་པའང་མ་ཚོར་བ་རེད།  
        ཡིད་འགུག་དང་རྩེད་མཚར་འདྲེས་མའི་འཁྲུག་ཆ་རང་བཞིན་གྱི་འགྲན་སྡུར་བརྒྱུད། གཏམ་རྒྱུད་བཤད་མཁན་ཕུལ་བྱུང་སློབ་བུ་ལྷ་མོ་སྒྲོལ་མ་དང་སྟག་ལྷ་རྒྱལ་སོགས་ལ་མཚན་སྙན་དཔང་ཡིག་དང་གཟིགས་བཟོས་བྱ་དགའ་གནངས་པ་དང་། ཐེངས་འདིའི་གཙོ་སྒྲིག་པས་རྗེས་ཕྱོགས་མུ་སྐྱོང་ནས་འདི་ལས་གཟབ་རྒྱས་ཆེ་བའི་བྱ་འགུལ་བསྡུ་རུབ་ཀྱི་དམ་བཅས་ནས་སློབ་བུ་ཆུང་ཆུང་རྣམ་པར་བོད་ཀྱི་རིག་གནས་ལ་དགའ་ཞེན་དང་བོད་ཡིག་བོད་སྐད་ལ་བརྩོན་པ་ལྷོད་མེད་བསྐྱེད་པའི་ཚ་བེར་བེར་གྱི་སྐུལ་མ་གནངས་ཏེ་བྱ་འགུལ་སྤྲོ་དགའི་ཁྲོད་ནས་མཇུག་རྫོགས།


འབྲེལ་ཡོད་འོས་སྦྱོར།