logo

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བསྡུས་གྲྭའི་སྦྱངས་འབྲས་ངོམ་པའི་འབྲས་རྟགས་སྐབས་གཉིས་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-24 ཀློག་གྲངས།:


བསྡུས་གྲྭའི་སྦྱངས་འབྲས་ངོམ་པའི་འབྲས་རྟགས་ལས་མི་སྒེར་གྱི་རྩོད་པ།

        ཟླ12བའི་ཚེས22ཉིན་གྱི་ཕྱི་དྲོར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དམའ་འབྲིང་རིམ་པས་སྐབས་གཉིས་པའི་བསྡུས་གྲྭའི་སྦྱངས་འབྲས་ངོམ་པའི་འབྲས་རྟགས་ཞུ་འབུལ་གྱི་བྱ་འགུལ་དེ་སློབ་གྲྭའི་ལུས་རྩལ་ཁང་ནས་བསྡུས། རེབ་འདིའི་བྱ་འགུལ་ནི་སློབ་གྲྭ་སྤྱིའི་བྱ་འགུལ་ཞིག་མ་ཡིན་པར། དམའ་འབྲིང་སྐོར་ལས་ལོ་རིམ་བརྒྱད་པ་གཙོ་བྱས་པའི་ལོ་རིམ་རང་བཞིན་གྱི་བྱ་འགུལ་ཞིག་ཡིན་ཞིང་། ལོ་རིམ་བརྒྱད་པ་གཙོ་བྱས་ལོ་རིམ་བདུན་པ་དང་དགུ་བ་བཅས་དགེ་སློབ་ལྔ་བརྒྱ་ལྷག་དུས་ལྟར་ཐེངས་འདིའི་བྱ་འགུལ་དུ་ཞུགས། བྱ་འགུལ་ལ་རང་ལུགས་བློར་འཛིན་དང་ཐུན་མོང་གི་རྩོད་པ། དགེ་རྒན་གྱི་དཔེ་སྟོན་རྩོད་པ། མི་སྒེར་གྱི་རྩོད་པ། དྲི་བ་དྲིས་ལན། ཟླ་བོ་ཁ་སྤྲོད་ཀྱི་རྩོད་པ། བྱ་འགུལ་སྤྱི་བསྡོམས་བཅས་བརྒྱུད་རིམ་བདུན་གྱིས་གྲུབ་ཅིང་། གསོན་ཉམས་ལྡན་པའི་བྱ་འགུལ་གྱི་གོ་རིམ་རེ་རེས་དེར་ཞུགས་ཀྱི་དགེ་རྒན་དང་སློབ་མ་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱས།

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བསྡུས་གྲྭའི་སྦྱངས་འབྲས་ངོམ་པའི་འབྲས་རྟགས་སྐབས་གཉིས་པ།
བློ་རིག་རྩེན་སའི་མི་སྒེར་གྱི་སྟེགས་བུ།

        ལྷག་དོན་སློབ་མ་རྣམས་ལ་སློབ་སྦྱོང་གི་སྤྲོ་བ་འཕེལ་བར་སྐུལ་འདེད་བཏང་ཞིང་། ཁོ་ཚོར་འབད་བརྩོན་བྱས་ན་འབྲས་བཟང་ལོན་པའི་ཡིད་ཆེས་དང་སྤོབས་པ་རྒྱས་པར་བྱས། དུས་ཚོད་གཅིག་དང་ཕྱེད་ལྷག་གི་གསོན་ཉམས་དང་ཛ་དྲག་གི་རྩོད་གླེང་ཁྲོད་ནས་སློབ་གྲོགས་རྡོ་རྗེ་འཚོ་ལ་རྩོད་ཟླ་བྲལ་བའི་མཚན་སྙན་གྱི་བྱ་དགའ་དང་། སློབ་གྲོགས་གཡང་སྐྱབས་རྒྱལ་དང་སྒྲོལ་མ་འཚོ་གཉིས་ལ་རྩོད་ལ་མཁས་པའི་རྒྱུ་གསུམ་ཚང་བའི་མཚན་སྙན་གྱི་བྱ་དགའ། སློབ་གྲོགས་ལྷ་མཆོག་རྒྱལ་དང་ཆོས་དབྱིངས་རྒྱ་མཚོ། སྙིང་ལྕགས་ཚེ་རིང་བཅས་ལ་རྩོད་པ་མཛེས་པའི་རྒྱན་གསུམ་ཚང་བའི་མཚན་སྙན་གྱི་བྱ་དགའ། སློབ་གྲོགས་རྡོ་རྗེ་ཚེ་བརྟན་དང་ལྷ་འབྲུག་རྒྱལ།ཕག་མོ་རྡོ་རྗེ། སྟག་ལྷ་རྒྱལ་བཅས་ལ་རྩོད་པའི་བསམ་པ་ཕུལ་བྱུང་གསུམ་ཚང་བའི་མཚན་སྙན་གྱི་བྱ་དགའ་བཅས་ཐོབ།


མཇུག་མཐའི་འབྲས་བཟང་གི་རྒྱལ་ཁའི་དན་རྟགས།

        མཇུག་མཐར་སློབ་གྲྭའི་བོད་ཡིག་ཚན་སྐོར་གྱི་འགོ་གཙོ་དགེ་རྒན་རྡོ་རྗེ་ལྷུན་གྲུབ་ཀྱིས་བསྡུས་གྲྭའི་རིགས་ལམ་འདི་ལ་ལེགས་པར་སྦྱངས་པ་བརྒྱུད་ནས་རིགས་ལམ་འདི་བོད་ཡིག་ཁོ་ན་མ་ཡིན་པར་བསླབ་ཚན་གཞན་གྱི་ཁྲོད་ལའང་བཀོལ་སྤྱོད་བྱེད་དགོས་པའི་སྐུལ་མ་ནན་ཆེར་བྱས་ཤིང་།  ལོ་རིམ་བརྒྱད་པའི་ཚན་གཙོ་རྒན་དཔལ་མགོན་གྱིས་ཐེངས་འདིའི་བྱ་འགུལ་ཁྲོད་ཀྱི་བཟང་ཆ་དང་མི་འདང་སའི་ཐད་ནས་རྗེས་ཕྱོགས་ཇི་ལྟར་ཁ་གསབ་བྱེད་དགོས་པའི་སྐོར་ནས་ཀྱང་གཏམ་བཤད་གལ་ཆེན་གནང་བའོ།།


འབྲེལ་ཡོད་འོས་སྦྱོར།