རྒྱལ་ཡོངས་བོད་བཙན་པོའི་དུས་ཀྱི་རིག་གནས་རིག་གཞུང་གླེང་སྟེགས་སྐབས་དང་པོ།

རྒྱལ་ཡོངས་བོད་བཙན་པོའི་དུས་ཀྱི་རིག་གནས་རིག་གཞུང་གླེང་སྟེགས་སྐབས་དང་པོ།
ཉེ་ལམ། མཚོ་སྔོན་ཞིང་ཆེན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་བའི་དུས་ཡུན་ཉིན་ལྔའི་རྒྱལ་ཡོངས་བོད་བཙན་པོའི་དུས་ཀྱི་རིག་གནས་རིག་གཞུང་གླེང་སྟེགས་སྐབས་དང་པོ་དེ་ཟི་ལིང་དུ་མཇུག་སྒྲིལ། དེར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་། ཀྲུང་གོའི་ཚན་རིག་གླིང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་ཚན་ཞིབ་སློབ་གླིང་གི་ཆེད་མཁས་པ་དང་ཤེས་ཡོན་པ50ལྷག་ཞུགས་ཡོད་པ་དང་། གླེང་སྟེགས་སུ་འབྲེལ་ཡོད་དུར་ལམ་གྱི་ཐུ་བྷོད་གནའི་བང་སོ་ཞིབ་འཇུག་གི་གྲུབ་འབྲས་གསར་བའི་དཔྱད་རྩོམ30ལྷག་སྤེལ་བ་རེད།

རིག་གཞུང་གླེང་སྟེགས་ནི་ཡུལ་དངོས་གཟིགས་ཞིབ་དང་རིག་གཞུང་
འབྲེལ་འདྲིས་བཅས་རྣམ་པ་གཉིས་ཀྱིས་གྲུབ།
མཚོ་བྱང་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་ཁོངས་གཏོགས་ཀྱི་བང་སོ་ནི་དུས་རབས་བདུན་པ་ནས་དུས་རབས་བརྒྱད་པའི་བར་བསྟུད་མར་བྱུང་ཞིང་། བང་སོ་དེའི་རིགས་ནི་ཐུ་བྷོད་རིག་གནས་ཀྱི་ཁོངས་སུ་གཏོགས་པ་དང་། ཐང་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག་གལ་ཆེན་དུ་ངེས། དུར་ལམ་གནའི་བང་སོ་ནི་དུར་ལམ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ9རུ་ཁྱབ་ཡོད་ལ། སྤྱིའི་གྲངས་འབོར་ལ2000ཡན་ཟིན། 1982ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་སོགས་ལས་ཁུངས་ཀྱིས་བང་སོ10སྔོག་འདོན་དང་རྟོག་ཞིབ་བྱས་ནས་དར་སྲི་དང་། གསེར་དངུལ་ཡོ་ཆས། ཟངས་ཆས། རྫ་ཆས་སོགས་རིག་དངོས་དུ་མ་ས་ཁར་ཕྱུང་།
1983ལོ་དང1996ལོར། རྒྱལ་ཁབ་རིག་དངོས་ཅུས་དུར་ལམ་རྫོང་གི་བང་སོ་ནི་རྒྱལ་ཡོངས་གནའ་རྫས་གསར་རྙེད་ཆེན་པོ་དྲུག་དང་རྒྱལ་ཡོངས་གནའ་རྫས་གསར་རྙེད་ཆེན་པོ་བཅུའི་གྲས་སུ་གཏན་འཁེལ་བྱས། དེ་ཡང་དུར་ལམ་གནའི་བང་སོ་ནི་དར་སྲི་ཚོང་ལམ་དང་ནུབ་རྒྱུད་མི་རིགས་ལོ་རྒྱུས་ཞིབ་འཇུག་བྱེད་པའི་གལ་ཆེའི་ལོ་རྒྱུས་རིག་གནས་ཤུལ་བཞག་ཏུ་ངོས་འཛིན་བྱེད་པ་རེད།
