བོད་ལྗོངས་ཀྱི་ཚན་རྩལ་བྱ་གཞག་དེ་མ་འོངས་པར་སྐལ་བ་བཟང་བོ་ཞིག་རེག་ངེས།

ཉི་མ་བཀྲ་ཤིས་ལགས་དང་ཚན་རྩལ་ལས་གཉེར་བ་རྣམས་ཀྱིས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་བྱེད་བཞིན་པ།
བོད་ལྗོངས་སློབ་ཆེན་རྩིས་འཁོར་ཆེད་ལས་ཀྱི་དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས་ལགས།
“ཏང་དང་རྒྱལ་ཁབ་ཀྱི་མཐོང་ཆེན་དང་རྒྱབ་སྐྱོར་ལ་བརྟེན་ནས་བོད་ལྗོངས་ཀྱི་ཚན་རིག་ལག་རྩལ་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། དེས་ང་ཚོ་ཚན་རྩལ་གྱི་ལས་ཀ་གཉེར་མཁན་ཚོར་སྐུལ་འདེད་བྱས་ཤིང་། མ་འོངས་པར་བོད་ལྗོངས་ཀྱི་ཚན་རྩལ་བྱ་གཞག་དེ་འཕེལ་རྒྱས་ཀྱི་སྐལ་བ་བཟང་བོ་ཞིག་རེག་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་བོད་ལྗོངས་སློབ་ཆེན་གྱི་རྩིས་འཁོར་ཆེད་ལས་ཀྱི་དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས་ལགས་ཀྱིས་བརྗོད་པ་རེད། ཁོང་ནི་བོད་ཡིག་ཨང་སྒྲིག་ཚད་ལྡན་ཅན་གཏན་ལ་འབེབས་པའི་གསར་འབྱེད་པ་ཡིན་ཞིང་། ཁོང་གིས་མགོ་འཛིན་བྱས་ཏེ《ཆ་འཕྲིན་བརྗེ་སྤོར་གྱི་བོད་ཡིག་ཨང་སྒྲིག་ཡིག་རྟགས་ཕྱོགས་སྒྲིག》ཅེས་པ་གཏན་ལ་ཕབ་པར་བརྟེན་ནས་བོད་ཡིག་ནི་རང་རྒྱལ་ཀྱི་ཆ་འཕྲིན་བརྗེ་སྤོར་ཁྲོད་ཨང་སྒྲིག་རྒྱལ་སྤྱིའི་ཚད་གཞི་སྤྱོད་པའི་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ཐོག་མར་གྱུར་པར་མ་ཟད། རྒྱལ་སྤྱིའི་བོད་ཡིག་ཨང་སྒྲིག་ཚད་གཞི་གཏན་འབེབ་བྱེད་པའི་ཁྱབ་ཁོངས་སུ་རང་རྒྱལ་གྱི་གཙོ་ཁྲིད་གོ་གནས་གསལ་བོར་བསྟན་པ་རེད།
མིག་སྔར་ཉི་མ་བཀྲ་ཤིས་ལགས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་འཕྲུལ་ཆས་ལོ་ཙཱའི་ལག་རྩལ་དང་། བོད་ཡིག་སྒྲ་སྦྱོར་ཀློག་གི་སྐད་བརྡའི་ཁྱད་ཆོས་སོགས་བོད་ཡིག་ཆ་འཕྲིན་ལག་རྩལ་ཁྱབ་ཁོངས་སུ་ཞིབ་འཇུག་བྱེད་མུས་ཡོད་ཅིང་། དེས་དེང་རབས་ཀྱི་ཆ་འཕྲིན་ཚན་རྩལ་ལ་བརྟེན་ནས་བོད་ཀྱི་རིག་གནས་འཛིན་སྤེལ་བྱེད་པར་རྨང་བཏིངས་པ་རེད།
