བོད་ལྗོངས་ཀྱིས་ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་ཉར་ཚགས་བྱས་པ།

ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་བྱེད་པ།
བོད་ལྗོངས་ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་བྱ་བའི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་འདུ་ལས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཡོངས་ཀྱི་ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་བྱ་བར་གྲུབ་འབྲས་ལེགས་པོ་བྱུང་ཡོད་ཅིང་། ལྗོངས་ཡོངས་སུ་ཉར་ཚགས་བྱས་པའི་ཤིང་ཏཱ་ལའི་ལོ་མའི་ཆོས་དཔེའི་རྩིས་ཐོ་དང་ལེགས་སྒྲིག བརྙན་དཔར་སྲུང་སྐྱོབ་བྱ་བ་ལེགས་འགྲུབ་བྱུང་ཟིན་ལ། འདིས་ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོང་དང་ཞིབ་འཇུག མུ་མཐུད་རྒྱུན་སྤྱོད་བྱེད་པར་ཁུངས་ལུང་བསྩལ།
རྒྱུས་ལོན་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་དེ2006ལོའི་ཟླ2པར་བཙུགས་པ་ནས་བཟུང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་བོད་ལྗོངས་ལེགས་སྦྱར་ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་དང་ཞིབ་འཇུག་ལས་གཞི་མཐུན་སྦྱོར་ཚན་ཆུང་གིས་བཀོད་སྒྲིག་གནང་བའི་སྲུང་སྐྱོབ་ལ་ཤུགས་སྣོན་དང་དཀར་ཆག་ལེགས་སྒྲིག་ཅེས་པའི་སྐས་རིམ་རང་བཞིན་གྱི་བྱ་བའི་རྣམ་གྲངས་གཉིས་ཀྱི་འགན་ཁུར་བ་རེད། ལོ་ངོ6གི་རིང་ལ་ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་བྱ་བ་ཚ་ཚ་འུར་འུར་གྱིས་སྤེལ་ཞིང་། ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་དང་། ཆེད་མཁས་པའི་ཚན་ཆུང་། གྲྭ་བཙུན་བཅས་རྡོག་རྩ་གཅིག་དྲིལ་གྱིས་བྱ་བ་སྒྲུབ་ཞོར་དང་། སློབ་སྦྱོང་བྱེད་ཞོར། ཞིབ་འཇུག་བྱེད་ཞོར་དང་ཉམས་ཚོར་ལེན་ཞོར་དུ་ཡུལ་དངོས་རྟོག་བཤེར་གཟིགས་ཞིབ་རྒྱ་ཆེར་གནང་སྟེ་བོད་ལྗོངས་ཡོངས་ཀྱི་ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་ལ་ཕྱོགས་ཡོངས་དང་ཁེབས་རྒྱ་ཆེ་བའི་རྟོག་བཤེར་ཐོ་འགོད་དང་དཀར་ཆག་ལེགས་སྒྲིག་སོགས་རྨང་གཞིའི་རང་བཞིན་གྱི་བྱ་བ་རབས་དང་རིམ་པ་སྤེལ།

ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་བྱེད་པ།
དེ་མིན་ས་ཁུལ་སོ་སོས་ས་གནས་ཀྱི་ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་བྱེད་པར་ཞིབ་ཕྲའི་བྱེད་ཐབས་ཡོད་དེ། དཔེར་ན་ཕོ་བྲང་པོ་ཏ་ལའི་ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་དེ་དྲོད་ཚད་སོགས་གཟབ་ནན་གྱིས་ཚོད་འཛིན་བྱས་པའི་ཆེད་སྤྱོད་ཁང་དུ་ཉར་དགོས་པ་མ་ཟད། ལག་ཤིང་དང་དཔེ་བཏུམ་སོགས་གཅིག་གྱུར་གྱིས་བཟོ་སྐྲུན་བྱེད་ལ། ལྷོ་ཁ་དང་གཞིས་ཀ་རྩེ་སོགས་ས་ཁུལ་གྱིས་ཀྱང་ས་གནས་ཀྱི་དངོས་ཡོད་དང་བསྟུན་ནས་ཤིང་ཏཱ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་བྱེད་ཤུགས་ཆེར་བསྐྱེད་པ་དང་། ཚན་རིག་སྒོས་དོ་དམ་དང་ཉར་གསོག་བྱེད་པ་རེད།
