ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གཉིས་པའི་ཕ་སྐད་བགྲོ་གླེང་ཚོགས་འདུ་བསྡུས།

བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
ཉེ་ལམ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐབས་གཉིས་པའི་ཕ་སྐད་བགྲོ་གླེང་ཚོགས་འདུ་དེ་སློབ་གྲྭའི་སྐས་རིམ་ཚོམས་ཆེན་ནས་སྤེལ། ཚོགས་འདུ་འདི་ནི་ན་ནིང་ལོ་ནས་བཟུང་སློབ་གྲྭའི་བོད་ཡིག་དགེ་རྒན་དག་གི་སྐུལ་སློང་དང་སློབ་བུ་མང་བོའི་བློ་སེམས་གཅིག་མཐུན་གྱིས་བློས་བསླངས་བྱས་ཤིང་དུས་རབས་ལ་གདོང་གཏད་པའི་བྱ་འགུལ་ལེགས་གྲས་ཤིག་ཏུ་བརྩི་བཞིན་ཡོད། ད་ལོར་ཡང་ལོ་སྔོན་མའི་ཚོགས་འདུ་གཞི་བྱས་ཤིང་ཉམས་མྱོང་ཁ་གསབ་སྒོས་ལོ་རིམ་དགུ་བའི་དགེ་སློབ་ཟུང་འབྲེལ་གྱིས་རྩ་འཛུགས་བྱས་ནས་སྤེལ་ཞིང་བགྲོ་གླེང་ཚོགས་འདུར་ལོ་རིམ་དགུ་བའི་སློབ་བུ་རིན་ཆེན་ལྕགས་ཐར་དང་གཡུ་མཚོ་སྐྱིད་གཉིས་ཀྱིས་མདོ་འཛིན་བྱས།
རེབ་འདིའི་བྱ་འགུལ་གྱི་དམིགས་འབེན་གཙོ་བོ་ཡང་སྤྱི་ཚོགས་ཀྱི་གནས་བབ་ཁྲོད་དུ་ང་ཚོས་ནམ་ཡང་སྐད་རིགས་སྣ་ཚོགས་དང་འབྲེལ་འདྲིས་བྱེད་དགོས་ནའང་། རང་ཉིད་གནས་གང་དུ་བསྡད་ན། རང་ཉིད་ཡུལ་གང་དུ་སོང་རུང་། ནམ་ཡང་བརྗེད་མི་ཉན་པ་ནི་མི་རིགས་ཤིག་གི་སྐད་དང་ཡི་གེ་ཡིན་ལ། དེ་ལས་ཀྱང་ད་ལྟའི་སྐབས་བབ་འདིར་བོད་ཡིག་སྦྱོང་མཁན་ཇེ་ཉུང་དང་བོད་སྐད་བཤད་མཁན་ཇེ་ཉུང་དུ་འགྲོ་བའི་སྐྱུགས་བྲོའི་སྣང་ཚུལ་འདིར་སུན་འབྱིན་དང་དགག་རྒྱག་ཚ་བེར་བ་གནང་ཞོར། ཁ་མིག་ཡར་ལྟའི་དཔེ་བཞིན་རྐྱེན་འདི་ལས་སླར་གསོ་དང་ཕ་སྐད་གཙང་མ་འཆད་པར་སྐུལ་ལྕག་གི་ནུས་པ་ཨེན་ཙམ་རེ་ཐོབ་པར་ཆེད་དུ་བྱ་འགུལ་འདི་ལྟ་བུ་ཞིག་སྤེལ་བ་རེད།

སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ནས་གཏམ་བཤད་གནང་བཞིན་པ།
བོད་རིགས་སློབ་མ་སྟོང་ཕྲག་གསུམ་ལྷག་འདུས་པའི་སློབ་ར་འདིར་སྐད་རིགས་རེ་འགའ་སྦྱོང་གིན་ཡོད་མོད། གལ་ཆེ་བ་མཁར་གྲོང་དང་ཁད་ཐག་ཉེ་བའི་སློབ་རའི་འཚོ་བའི་ག་ས་གང་དུ་དུས་རྒྱུན་སྦྲགས་སྐད་མི་བཤད་པར་རང་ལ་ནན་ཏན་དང་ཡང་དག་གི་རེ་བ་བཟུང་སྟེ། རྒྱ་སྐད་བཤད་ན་རྒྱ་སྐད་སྤྱི་སྐད་དང་བོད་སྐད་བཤད་ན་བོད་སྐད་གཙང་མ་བཤད་དགོས་པའི་ཐད་ལ་སློབ་གཙོ་བསོད་ནམས་རྡོ་རྗེ་དང་སློབ་གཙོ་སྙིང་ལྕགས་རྒྱལ། གཞུང་སྒྲུབ་ཁང་གི་ཀྲུའུ་རིན་སྐལ་བཟང་དོན་གྲུབ། སློབ་ཁྲིད་དོ་དམ་ཁང་གི་དགེ་རྒན་རྡོ་རྗེ་ལྷུན་གྲུབ་སོགས་ནས་རིམ་པ་བཞིན་དུ་དཔེ་མཚོན་རྨ་མེད་པ་དྲངས་ཏེ་ན་སོ་གཞོན་པའི་དུས་སུ་ཧུར་བརྩོན་བྱ་དགོས་པའི་སློབ་གསོ་བཏང་། མ་ཟད་དུས་རྒྱུན་དགེ་སློབ་ཚང་མས་ཀྱང་རྒྱུན་སྤྱོད་དངོས་པོ་དང་སྐད་ཆ་ལ་སོགས་པའི་ཐ་སྙད་གསར་བ་ཕ་སྐད་ཀྱི་ལམ་ནས་ལྷུག་བརྗོད་བྱེད་པར་གོམས་བྱང་དུ་འགྲོ་བར་འབོད་སྐུལ་དང་བཅས་འབྲེལ་ཡོད་དཔེ་ཆ་མཁོ་འདོན་བྱས་ཏེ་ཕ་སྐད་ཕྱོགས་སུ་ཤུགས་སྣོན་པར་སྐུལ།
དེའི་མཚུངས་སུ་མི་རིགས་རང་གི་སྐད་རིགས་ཀྱང་དུས་རབས་ཀྱི་རྗེས་སུ་སྙེག་ཅིང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མི་རིགས་རིག་གནས་འཕེལ་རྒྱས་དང་ཕན་ཚུན་འབྲེལ་སྦྱོར། མོས་འདུན་གཅིག་མཐུན། འདྲ་མཉམ་གོང་སྤེལ་ཡོང་བའི་ཐད་དུ་མཐུན་རྐྱེན་གང་ལེགས་སྦྱོར་དགོས་པའི་ཐད་དུ་ཡང་རེ་བ་ནན་མོ་བཏོན།
