དགེ་རྒན་ཆེན་མོ་རྡོ་ལྷ་ལགས་ཀྱིས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་འཆད་ཁྲིད་གནང་།

དགེ་རྒན་ཆེན་མོ་རྡོ་ལྷ་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།
ཟླ8པའི་ཚེས3ཉིན། ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོའམ་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་བརྡ་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ་རྡོ་ལྷ་ལགས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས(དེ་སྔའི་མཚོ་སྔོན་པོ་ཆ་འཕྲིན་དྲ་རྒྱའི་ལྟེ་གནས)སུ་ཕེབས་ནས་བོད་ཡིག་ཤེས་སྟོབས་ཅན་གྱི་འདུས་གྲུབ་སྤྲིན་རྩིས་གཞིའི་དྲ་སྟེགས་ཆེན་མོའི་ཞིབ་འཇུག་དང་འཛུགས་སྐྲུན་ལས་གཞི་དང་འབྲེལ་བའི་འཆད་ཁྲིད་གནང་བ་རེད།
འཆད་ཁྲིད་ཀྱི་སྟེང་ཁོང་ཉིད་ཀྱིས་བོད་ཡིག་ཤེས་སྟོབས་ཅན་གྱི་འདུས་གྲུབ་སྤྲིན་རྩིས་གཞིའི་དྲ་སྟེགས་ཆེན་མོའི་ཞིབ་འཇུག་དང་འཛུགས་སྐྲུན་ལས་གཞིའི་བོད་ཡིག་འཚོལ་བཤེར་སྣེ་ཤན་མ་ལག་དང་། བོད་ཡིག་བསྟན་བཅོས་ཕྱི་མོ་འཚོལ་བཤེར་མ་ལག བོད་ཡིག་རིག་མཛོད་དྲི་བ་དྲིས་ལན་མ་ལག་བཅས་ཁག་གསུམ་པོར་དཔེ་མཚོན་དང་འབྲེལ་ནས་རེ་རེ་བཞིན་གསལ་བཀྲོལ་བྱས་པ་སྟེ། སྤྲིན་རྩིས་གཞི་ཞེས་པ་ནི་ཐོན་ཁུངས་འདོན་སྤྲོད་བྱེད་པའི་དྲ་རྒྱ་དེ་སྤྲིན་ཞིག་ལ་དཔེ་བྱས་པ་ཡིན་ཅིང་། དྲ་འབྲེལ་བྱེད་ཐུབ་ཚེ་སྤྱོད་མཁན་རྣམས་ཀྱིས་རང་ཉིད་ཀྱི་ཐོ་འགོད་མིང་དང་གསང་གྲངས་ལ་བརྟེན་ནས་སྤྲིན་གྱི་མ་ལག་སྟེང་གི་སོ་སོའི་ཐོན་ཁུངས་སྤྱོད་ཐུབ་པ་ཞིག་ཡིན། སྤྲིན་རྩིས་གཞིའི་མ་ལག་ལ་མཚོན་ན་གཅིག་ནི་སྤྲིན་གྱི་མ་ལག་སྟེང་གི་ཐོན་ཁུངས་སྤྱོད་མཁན་རྣམས་ཀྱིས་དུས་དང་ཡུལ་ཁོངས། དེ་མིན་གློག་རྩིས་བཟང་ངན་སོགས་ཀྱི་བཀག་རྒྱ་མེད་པར་རང་ཉིད་ཀྱི་ཐོན་ཁུངས་དེ་གང་འདོད་དུ་བེད་སྤྱོད་དང་རྒྱ་བསྐྱེད་ཆོག་པ། གཉིས་ནི་གློག་རྩིས་ལ་དུག་ཕོག་ཚེ་སྤྲིན་གྱི་མ་ལག་སྟེང་གི་ཐོན་ཁུངས་ལ་བརྟེན་ནས་སླར་གསོ་བྱེད་ཐུབ་པ་སོགས་ཀྱི་དགེ་མཚན་ལྡན་པ་རེད། དེའི་རྗེས་བོད་ཡིག་འཚོལ་བཤེར་སྣེ་ཤན་མ་ལག་གྱི་རིམ་པ་གཙོ་བོ་ཞིག་སྟེ་ཐ་སྙད་རིགས་དགར་མ་ལག་གི་འཛུགས་སྐྲུན་ཐད་དཔེ་མཚོན་དང་འབྲེལ་ནས་ཐ་སྙད་ངོས་འཛིན་ཚུལ་དང་། ཐ་སྙད་སྒྲིག་སྟངས། ཚད་གཞི། མ་ལག་དེ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་དཀའ་གནད་སོགས་རེ་རེ་བཞིན་བརྗོད་པ་རེད།

ཐ་སྙད་རིགས་དགར་གྱི་མ་ལག་འཛུགས་སྐྲུན་བྱེད་པའི་རིམ་པ་ཁག་བཤད་བཞིན་པ།
དགེ་རྒན་ཆེན་མོ་རྡོ་ལྷ་ལགས་ཀྱི་འཆད་ཁྲིད་བརྒྱུད་ནས་སྤྲིན་རྩིས་གཞིའི་མ་ལག་ལ་ངེས་ཤེས་གསལ་བོ་ཞིག་བསྐྱེད་ཐུབ་པར་མ་ཟད། བོད་ཡིག་འཚོལ་བཤེར་སྣེ་ཤན་མ་ལག་དང་བོད་ཡིག་བསྟན་བཅོས་ཕྱི་མོ་འཚོལ་བཤེར་མ་ལག་སོགས་འཛུགས་སྐྲུན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་། དུས་སྔོན་གྱི་གྲ་སྒྲིག་ལས་ཀ འཛུགས་སྐྲུན་ཁ་ཕྱོགས་སོགས་གསལ་བོ་ཞིག་བསྟན་པ་རེད།
