བྲག་དཀར་རྫོང་མི་རིགས་སློབ་འབྲིང་གི་རྒན་གཡང་ཕྱུག་ཚེ་རིང་ལ་མཚོ་སྔོན་ན་གཞོན་ལྔ་བཞིའི་གཟེངས་རྟགས་ཐོབ།

བྲག་དཀར་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་གཡང་ཕྱུག་ཚེ་རིང་།
ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་གཡང་ཕྱུག་ཚེ་རིང་ལ་སྐབས་བཅོ་ལྔ་བའི་མཚོ་སྔོན་ན་གཞོན་ལྔ་བཞིའི་གཟེངས་རྟགས་ཀྱི་མཚན་སྙན་ཐོབ།
མཚོ་སྔོན་ན་གཞོན་ལྔ་བཞིའི་གཟེངས་རྟགས་ནི་གུང་གཞོན་ཚོགས་པའི་མཚོ་སྔོན་ཞིང་ཨུ་དང་། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ཚོགས་པ་གཉིས་ཀྱིས་གཙོ་ཆེར་ཆབ་སྲིད་བརྟན་པོ་དང་བསམ་བློ་ཀུན་སྤྱོད་ལེགས་པ། བྱས་རྗེས་གཟེངས་སུ་ཐོན་པའི་ཕུལ་བྱུང་ན་གཞོན་ལ་གནང་བའི་ཆེས་མཐོའི་གཟེངས་རྟགས་ཤིག་ཡིན་ཞིང་། འདིས་དེང་རབས་ན་གཞོན་གྱི་བསམ་པའི་འཁྱེར་སོ་དང་རིན་ཐང་ལྟ་བ་མངོན་པ་དང་། དེང་རབས་ན་གཞོན་རྣམས་ཀྱི་བསམ་པའི་ཀུན་སློང་ཡོངས་སུ་བཏོད་དེ་རྒྱ་ཆེ་བའི་ན་གཞོན་རྣམས་ཀྱི་དབུ་ཁྲིད་ཅིང་རང་གི་ལས་གནས་སུ་རྐང་ཚུགས་ཏེ་སྔོན་བཏོད་ལེགས་འགྲན་དང་། སྔོན་ཐོན་སློབ་སྦྱོང་། སྔོན་ཐོན་གྱི་རྗེས་ཆོད་པ་བཅས་ཀྱི་ཁ་དབུགས་ཤིག་སྐྲུན་པར། གུང་གཞོན་ཚོགས་པའི་མཚོ་སྔོན་ཞིང་ཨུ་དང་། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ཚོགས་པས2012ལོའི“ལྔ་བཞིའི”དུས་ཆེན་གྱི་སྐབས་སུ་སྐབས་བཅོ་ལྔ་བའི“མཚོ་སྔོན་ན་གཞོན་ལྔ་བཞིའི་གཟེངས་རྟགས”ཐོབ་མཁན་ལ་གཟེངས་བསྟོད་གནང་བ་ཞིག་ཡིན།
གཡང་ཕྱུག་ཚེ་རིང་མཚམས་སྦྱོར་མདོར་བསྡུས།
གཡང་ཕྱུག་ཚེ་རིང་ནི་སྤྱི་ལོ1980ལོའི་ཟླ5བར་སྐྱེས་ཤིང་། རབ་འབྱམས་པའི་ཡོན་གནས་བླངས་རྗེས་མཚོ་ལྷོ་ཁུལ་བྲག་དཀར་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་འགན་བཞེས། ཁོས་ལོ་ངོ10རིང་ལ་སློབ་གསོའི་ལས་ལ་གཞོལ་ཏེ་བྱིས་པ་རྣམས་ཀྱི་སློབ་གསོ་ཡར་འདེགས་བྱེད་པར་དཀའ་བ་ཁྱད་བསད་སྒོས་མི་གཞི་རྩར་བཟུང་ཞིང་། རང་འགུལ་སློབ་སྦྱོང་དང་། མཉམ་འབྲེལ་སློབ་སྦྱོང་བྱེད་པའི་སློབ་གསོའི་གཞུང་ལུགས་དང་སྦྲགས་ཏེ་དགེ་རྒན་གྱིས་སློབ་སྟོན་དང་། སློབ་མས་རང་ནུས་འདོན་སྤེལ་གང་ལེགས་བྱེད་པའི་སློབ་གསོའི་འདུ་ཤེས་བཟུང་ནས་སློབ་མས་ཐོག་མར་རང་སྦྱོང་དང་། དགེ་རྒན་གྱིས་རྗེས་སྐུལ་ལམ་བློ་གསལ་གཏོང་བའི་བྱེད་ཐབས་སྤྱད་ནས་སློབ་སྦྱོང་གི་ཁ་དབུགས་ལེགས་པོ་ཞིག་བསྐྲུན་པར་བརྟེན། གོང་རིམ་སྤྱི་འདོན་སྡེ་ཁག་གི་ཚད་མཐོའི་གདེང་འཇོག་གནང་སྟེ་རྒྱ་ཆེར་ཁྱབ་སྤྱོད་བྱས།

གཡང་ཕྱུག་ཚེ་རིང་སློབ་མ་ཚོ་དང་མཉམ་དུ་རོལ་བ།
ལོ་འདི་འགའི་རིང་། ཁོས་ཁྲིད་སྟོན་བྱས་པའི་སློབ་མའི་བོད་ཡིག་གི་རྒྱུགས་འཕྲོད་ཚད་ནི96%ཡན་དང་། ཕུལ་བྱུང་སློབ་མ95%ཡན་འདུས་ཤིང་། བསྟུད་མར་རིམ་པ་མཚུངས་པའི་འཛིན་གྲྭ་གཞན་དང་། གཅིག་མཐུན་ཚན་ཁག ཐ་ན་རྫོང་ཡོངས་སུ་ཨང་དང་པོ་ལེན་གྱི་ཡོད། སྔ་གཞུག་ཏུ་སློབ་མ20ལྷག་བོད་རྒྱ་སྐད་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པ་དང་། ཁོ་རང་ཉིད་ཀྱིས་ཀྱང་སློབ་སྦྱོང་དང་ཞིབ་འཇུག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་དེ། ནན་ཏན་སྒོས་སློབ་གསོའི་གོ་རིམ་ཁྲོད་ཀྱི་ཉམས་མྱོང་དང་དཔེ་ཚུལ་སྤྱི་བསྡོམས་བྱས་ཏེ་ཐེངས་གང་མང་ལ་མིང་གྲགས་དུས་དེབ་ཏུ་རང་ཉིད་ཀྱི་ཞིབ་འཇུག་གྲུབ་འབྲས་སྤེལ། དེ་མིན་ཁོ་བོར་སྔ་གཞུག་ཏུ་བྲག་དཀར་རྫོང་ཕུལ་བྱུང་སློབ་ཞིབ་པ་དང་། མཚོ་ལྷོ་ཁུལ་ན་གཞོན་ལས་གནས་ཀྱི་གདོང་ལེན་པ། མཚོ་ལྷོ་ཁུལ་ཕུལ་བྱུང་ན་གཞོན་བཅུ། མཚོ་སྔོན་ཞིང་ཆེན་ཕུལ་བྱུང་དགེ་རྒན་སོགས་ཀྱི་གཟེངས་རྟགས་གང་མང་ཐོབ།
