ལྷོ་ནུབ་མི་རིགས་སློབ་ཆེན་དུ་བོད་ཀྱི་ཟློས་གར་འགྲན་བསྡུར་སྤེལ་བ།

ལྷོ་ནུབ་མི་རིགས་སློབ་ཆེན་དུ་བོད་ཀྱི་ཟློས་གར་འགྲན་བསྡུར་སྤེལ་བ།
ཉེ་ལམ། ལྷོ་ནུབ་མི་རིགས་སློབ་གྲྭའི་ཏང་ཨུའི་དྲིལ་སྒྲོག་ཁང་དང་། སློབ་མའི་བྱ་སྒྲུབ་ཁང་། སློབ་གྲྭའི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་། བོད་རིག་པའི་གླིང་བཅས་མཉམ་འབྲེལ་སྒོས་སྤེལ་པའི“ལྷོ་ནུབ་མི་རིགས་སློབ་ཆེན་བོད་ཀྱི་ཟློས་གར་རིག་གནས་དུས་ཆེན་མཇུག་སྒྲིལ་བ་དང་བོད་ཀྱི་ཟློས་གར་འགྲན་བསྡུར་བསྐྱར་འགྲན”དེ་ཞིན་ཤིན་ཟློས་གར་ཁང་དུ་སྤེལ།
མཛད་སྒོའི་སྟེང་བོད་རིག་པའི་གླིང་གི་འགོ་གཙོའམ་དགེ་རྒན་ཆེན་མོ་བན་གོ་ལགས་ཀྱིས་འགོ་རྩོམ་པའི་གཏམ་བཤད་གནང་བ་སྟེ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་། ཕུན་སུམ་ཚོགས་པའི་སློབ་རའི་རིག་གནས་ཀྱི་ཁ་དབུགས་ལེགས་པོ་སྐྲུན་པ། སློབ་རའི་འཆམ་མཐུན་གཏན་འཇགས་ཡར་སྐུལ་བཅས་བྱེད་པར། སློབ་གྲྭས“མཐུན་སྒྲིལ་མཉམ་སྐྱོད”བོད་ཀྱི་ཟློས་གར་རིག་གནས་དུས་ཆེན་སོགས་བྱ་འགུལ་རབས་དང་རིམ་པ་སྤེལ་ཟེར། ཐེངས་འདིའི་བྱ་འགུལ་སྤེལ་བ་ལས་གླིང་ཡོངས་ཀྱི་དགེ་སློབ་རང་འགུལ་གྱིས་ཞུགས་པ་དང་། སློབ་ཁྲིད་དང་ལག་ལེན་ཟུང་སྦྲེལ། མ་ཟད་སློབ་མ་རྣམས་ཀྱི་མི་རིགས་རིག་གནས་སྒྱུ་རྩལ་གྱི་སྤྲོ་སེམས་འཕེལ་དུ་བཅུག་ཅིང་། གླིང་ཡོངས་ཀྱི་གཅིག་སྒྲིལ་ནུས་ཤུགས་སྐུལ་སྤེལ་དང་། སློབ་གླིང་གི་སློབ་རའི་རིག་གནས་མཚན་བྱང་བྱ་འགུལ་སྐས་རིམ་གསར་བ་ཞིག་ཏུ་སྙེག་པར་བྱས།
འགྲན་བསྡུར་དེ《འབེ་གར》དང་བོད་ཀྱི་སྲོལ་རྒྱུན་རྣམ་པའི་འགོ་རྩོམ་གཏམ་བཤད་ལས་དངོས་སུ་འགོ་བརྩམས་ཤིང་། བསྐྱར་འགྲན་དུ་ཞུགས་པའི་འགྲན་ཞུགས་རུ་ཁག་བདུན་གྱིས《རྒྱ་བཟའ་ཀོང་ཇོ》དང《སྣང་ས་འོད་འབུམ》། 《དྲི་མེད་ཀུན་ལྡན》། 《རྟ་རྒྱུག་རྒྱལ་འཇོག》 《ཐོན་མི་སམ་བྷོ་ཊ》། 《ཧོར་གླིང་གཡུལ་འགྱེད》སོགས་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱས། ཆེད་ལས་མིན་པའི་འཁྲབ་སྟོན་པ་ཞིག་ཡིན་པའི་ཆ་ནས། སློབ་མ་ཚོས་རང་ཉིད་ཀྱི་རིག་གནས་དགའ་ཞེན་དང་ཚོར་འདུ་ལས་གསོན་ཉམས་ལྡན་པའི་ངང་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱས་ཏེ་འདིར་བཞུགས་དགེ་སློབ་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ།

ལྷོ་ནུབ་མི་རིགས་སློབ་ཆེན་དུ་བོད་ཀྱི་ཟློས་གར་འགྲན་བསྡུར་སྤེལ་བ།
འདིར་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་བཟུང་སྟེ་སློབ་མ་རྣམས་ཀྱིས་ཤོག་སྒམ་དང་འགྱིག་ཤོག་སོགས་ལས་ཞྭ་མོ་དང་གྱོན་ཆས། གྲི རླུང་གཡབ། ཉི་གདུགས། གཡུལ་འགྱེད་དར་ཆ་སོགས་འཁྲབ་སྟོན་ཡོ་ཆས་བཟོས་པ་ཡིན་ལ། འདིས་ཟློས་གར་འགྲན་བསྡུར་སྔར་ལས་ལྷག་པར་དོན་སྙིང་ཆེན་པོ་བསྐྱེད། དུས་ཡུན་ཆུ་ཚོད་གཉིས་ཀྱི་ཛ་དྲག་གི་འགྲན་བསྡུར་བརྒྱུད། མཇུག་མཐར་བོད་རིག་པའི་གླིང2009ལོའི་འཛིན་གྲྭ་དང2010ལོའི་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭ་གཉིས་ཀྱི་སྐར་འབྲས་གཅིག་མཚུངས་ཡིན་ཞིང་བྱ་དགའ་ཨང་དང་པོ་ཐོབ།
རྒྱུས་ལོན་པ་ལྟར་ན། ལྷོ་ནུབ་མི་རིགས་སློབ་ཆེན“མཐུན་སྒྲིལ་མཉམ་སྐྱོད”བོད་ཀྱི་ཟློས་གར་རིག་གནས་དུས་ཆེན་ལ་ནང་དོན་ཁག་བཞི་འདུས། གཅིག་ནས་སློབ་གྲྭ་ཕྱི་ནང་གི་མིང་གྲགས་ཆེད་མཁས་དང་དགེ་རྒན་ཆེན་མོ་གདན་འདྲེན་ཞུས་ཏེ་བོད་ཀྱི་ཟློས་གར་རིག་གནས་ཐད་ཀྱི་འཆད་ཁྲིད་རབས་དང་རིམ་པ་སྤེལ། གཉིས་ནས་བོད་ཀྱི་ཟློས་གར་རིག་གནས་ཀྱི་པར་རིས་འགྲེམ་སྟོན་བྱས་པ། གསུམ་ནས་ཕུལ་དུ་བྱུང་བའི་བོད་ཀྱི་ཟློས་གར་རིག་གནས་བརྙན་གཟུགས་འགྲེམ་གཏོང་བྱས་པ། བཞི་ནས་བོད་ཀྱི་ཟློས་གར་འཁྲབ་སྟོན་ཐོག་མའི་འགྲན་བསྡུར་དང་བསྐྱར་འགྲན་བྱས་པར་བརྒྱུད། སློབ་མ་རྣམས་ཀྱི་རང་སྒྲིག་རང་འཁྲབ་ནུས་པ་ཆེད་དམིགས་སྒོས་སློབ་གླིང་གི་འཛིན་གྲྭ་སོ་སོ་སྡེ་ཁག་ཏུ་གྲུབ་སྟེ་ཁོ་ཚོས་མི་རིགས་རང་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུས་ལོན་བྱེད་པར་སྟེགས་བུ་ལེགས་པོ་ཞིག་བསྐྲུན་པ་བཅས་སོ།།
