logo

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གསུམ་པའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-19 ཀློག་གྲངས།:

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གསུམ་པའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ།
ཕུན་སུམ་ཚོགས་པའི་ཇུས་འགོད་ཁྲོད་ཀྱི་ན་ཆུང་གླུ་བས་ལྡེམ་ལྡེམ་གོམ་པའི་ལེན་ཕྱོགས་བར་ནས་སྙན་མོའི་གླུ་ཆུང་ལེན་པ།

         ཆེ་ཕྱོགས་ནས་བཤད་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་རྒྱུན་འཛིན་དང་དར་སྤེལ། ཆུང་ཕྱོགས་ནས་བཤད་ན་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། 2012ལོའི་ཟླ6པའི་ཚེས15ཉིན་གྱི་ཕྱི་དྲོའི་དུས་ཚོད་བེད་སྤྱད་དེ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྐབས་གསུམ་པའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བ་རེད། དབྱར་ཟླ་ལྔ་བའི་ཚ་རླབས་གནས་ག་ས་གང་དུ་ཐོལ་ཐོལ་དུ་མཆེད་ན་ཡང་། ཆེས་ཐོག་མའི་འགྲན་ཞུགས་པ་སྟག་ལྷ་རྒྱལ་གྱི་སང་སང་གླུ་སྐད་ཀྱིས་ཐེངས་འདིའི་དམངས་གླུ་འགྲན་བསྡུར་དུས་ལྟར་དུ་སྤེལ་བས།   སློབ་བུ་སྟོང་ཕྲག་གསུམ་གྱི་ངལ་དུབ་ཀྱང་རེ་ཞིག་སངས་པར་བྱས།
         རེབ་འདིའི་འགྲན་བསྡུར་ལ་རིམ་པ་གཉིས་སུ་བཀར་ནས་ཐོག་མའི་སྐྱ་འགྲན་གྱི་སློབ་མ40ལྷག་ལས་རྟིང་རྩོད་འགྲན་བསྡུར་དུ་སློབ་མ་ཕོ་མོ་21ཞུགས་ཐུབ་པ་བྱུང་ཞིང༌། སྐར་འགོད་པ་རྣམ་པས་ཀྱང་དྲང་བདེན། འདྲ་མཉམ། གཟུ་བོའི་སྒོ་ནས་དཔྱད་འཇོག་མཛད། འགྲན་བསྡུར་གྱི་གོ་རིམ་ཁྲོད་དུ་འགྲན་ཞུགས་པ་རེ་རེས་ལག་ཏུ་ལྷ་རྫས་ཁ་བཏགས་བཟུང་ཞིང་བོད་ཀྱི་དམངས་གླུ་ལེན་སྐབས་འགྲོ་གོམ་པའི་ལྡེམ་ཕྱོགས་དང་ལུས་གཟུགས་གཞི་འཁོར་ཕྱོགས་སོགས་གཅིག་ལས་གཅིག་ལྷག་གི་དྲུག་འགྱུར་ངག་གི་སྒོ་མོ་ལས་བྱ་ཀ་ལ་པིང་གའི་གསུངས་སྐད་ལ་ཅོ་འདྲི་བའི་གླུ་སྐད་དང་ངག་གི་འགྱུར་ཁུགས་རེ་རེ་ཡིས་རྒྱ་ཆེའི་དགེ་སློབ་ཡོངས་ཀྱི་མིག་དབང་ཅིག་ཅར་འཕྲོག་ལ། སྙན་དབང་གི་གསོས་སུ་སྨིན་པས་དགའ་སྤྲོའི་ཐལ་མོ་ལྷང་ལྷང་མཆེདཅིང་གླུ་འགྱོག་གི་གདངས་དབྱངས་དེ་ལས་ཀྱང་སྙན་ཆ་དོད། མ་ཟད་བོད་ཀྱི་དྲི་མ་མ་ཡལ་ཞིང་བོད་ཀྱི་ཁྲག་རྒྱུན་མ་ཆད་པའི་གཞོན་སྐྱེས་རྒྱུན་འཛིན་པ་འཇོན་ཐང་ཅན་ཙོང་ཕྲུག་བཞིན་འཚར་ལོངས་འབྱུང་བཞིན་པས་ངོ་མ་ཡིད་སེམས་མི་དགའ་སུ་ཞིག་ཡོད། རེབ་འདིར་གླུ་བ་གླུ་མ་རྣམས་ཆ་སྙོམ་གྱི་ལོ་ཚད་ཧ་ཅང་ཆུང་ནའང་། རང་བྱུང་ལྷན་སྐྱེས་ཀྱི་གླུ་སྐད་དྭངས་མོས་ཀུན་གྱི་སེམས་སུ་འདི་དག་ནར་སོན་ཚེ་བོད་ཀྱི་གླུ་བ་གླུ་མ་མིང་གྲགས་ཅན་ཏག་ཏག་ཉན་པར་ཐེ་ཚོམ་མེད་ཅེས་འུད་ཆེན་པོས་བརྗོད་ཀྱིན་ཡོད།

/files/Content/25-799170-01.jpg
འགྲན་སྡུར་མཇུག་སྡོམ་པའི་ཚུལ་དུ་བྱ་དགའ་ཐོབ་པའི་གླུ་བ་གླུ་མ་རྣམས་གར་སྟེགས་སྟེང་དུ་དྲན་རྟེན་འདྲ་པར་བསྐྱོན་པ།

         ཐེངས་འདིའི་འགྲན་བསྡུར་ལས2011ལོའི་མཚོ་སྔོན་བརྙན་འཕྲིན་ཁང་གི་ལོ་སར་སྤྲོ་ཚོགས་ལ་ཞུགས་པའི་ལོ་རིམ་བརྒྱད་པའི་གླུ་མ་ཆུང་ཆུང་གཡུ་མཚོ་སྐྱིད་ཀྱིས་ཡང་བསྐྱར་ཨང་དང་པོའི་བྱ་དགའི་རྟགས་མ་བླངས་ཤིང༌། སློབ་ཆུང་རིམ་པ་ནས་མིང་ལ་ཡུམ་མཚོ་སྐྱིད་ཟེར་བའི་བུ་མོ་ཆུང་ཆུང་ཞིག་གིས་ཀྱང་ཨང་དང་པོའི་མཚན་སྙན་བླངས།   རིམ་བཞིན་ཨང་དང་པོ་གཉིས་དང་། ཨང་གཉིས་པ་བཞི། ཨང་གསུམ་པ་དྲུག་བཅས་ཨང་རིམ་མཐོ་དམའ་ལྟར་དུ་མཚན་སྙན་དཔང་ཡིག་དང་སློབ་སྦྱོང་མཁོ་ཆས་ཀྱི་བྱ་དགའི་དངོས་པོ་བྱིན། ཐེངས་འདིའི་འགྲན་བསྡུན་བརྒྱུད། གསར་སྐྱེས་ན་གཞོན་གྱི་གླུ་བ་གླུ་མ་སྐོར་ཞིག་དངོས་གནས་སྐད་ངག་འཛོམས་པོ་ཡོད་པས། ཡོད་ཚད་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་ཞིང་རྗེས་མུར་མུ་མཐུད་དུ་དམིགས་སུ་བསལ་ནས་སྐྱེད་སྲིང་བྱས་ཚེ་མ་འོངས་པའི་གར་སྟེགས་ནམ་ཡང་ཆེས་ཆེར་ཕྱེ་བར་གདོན་མི་ཟ། གཞན་ད་དུང་འདི་ལྟའི་བྱ་འགུལ་ལ་སློབ་གྲྭས་ཆེད་དམིགས་སྒོས་དགའ་རྟགས་ཆེན་པོའམ་མཐོན་པོ་བྱིན་ཏེ། རྗེས་ཕྱོགས་འདི་འདྲའི་བོད་ཀྱི་རིག་གནས་ལ་འབྲེལ་བ་དམ་པོ་ཡོད་པའི་བྱ་འགུལ་ལ་ངེས་པར་མུ་མཐུད་དུ་ཟབ་ཞུགས་བྱེད་འདོད་པའི་སྐུལ་ལྕག་དང་ངེས་པར་དམངས་སྲོལ་རིག་གནས་འདི་ལྟ་བུ་སྦྱང་དགོས་པའི་ཁ་ཏ་སློབ་གསོ་རང་ཤུགས་སུ་གནངས།  འགྲན་བསྡུར་འདི་བརྒྱུད་ནས་སློབ་མ་ཇི་སྙེད་ཅིག་གིས་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་དམངས་གླུ་འདི་ལ་དགའ་ཞེན་ཇེ་ཆེ་དང་སྤྲོ་བ་ཇེ་འཛོམས་སུ་གྱུར་ཡོད་པར་ཡིད་ཆེས་ཅུང་ཆེ་བས། སྐབས་གསུམ་པའི་སློབ་རའི་དམངས་གླུ་འགྲན་བསྡུར་སྤེལ་བའི་དམིགས་ཡུལ་ཡང་བདེ་ལེགས་ངང་འགྲུབ་སོང༌ཅེས་བཤད་ཆོག་ཆོག་ཡིན།


འབྲེལ་ཡོད་འོས་སྦྱོར།