མཚོ་ནུབ་ཀྱི་འགོ་ཁྲིད་ཐེམ་ཆེན་མི་རིགས་སློབ་འབྲིང་གཉིས་པར་བྱིས་པའི་དུས་ཆེན་ལ་འཚམས་ཞུར་ཕེབས།
འགོ་ཁྲིད་རྣམས་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པར་དྲུག་
གཅིག་བྱིས་པའི་དུས་ཆེན་ལ་ཁམས་འདྲིའི་འཚམས་ཞུར་ཕེབས།
མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་ཞིན་གོ་པིན་དང༌། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ། ཁུལ་དཔོན་ནའོ་བེ་ཞིན། ཁུལ་ཨུའི་རྒྱུན་ཨུའམ། གཏེར་ལེན་ཁ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཀྲང་གོད་ཧྲིག ཁུལ་ཨུའི་རྒྱུན་ཨུའམ། དྲིལ་སྒྲོག་པུའུ་ཀྲང༌། ཁུལ་སློབ་གསོ་བཟོ་ཨུའི་ཧྲུའུ་ཅི་ཉིག་ཅིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཐེན་ཀུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཆིན། ཁུལ་ཨུའི་དྲུང་ཡིག་ཆེན་མོ་གོན་ཅུའུ། མཚོ་ནུབ་ཁུལ་ཡན་ལག་དམག་ཁུལ་གྱི་བཀའ་འཛིན་པ་ལིག་ཧའེ་ཁྲིན་དང༌། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལིས་ཁྲུང་ཧྲིན་བཅས་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པར་དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཁམས་འདྲིའི་འཚམས་ཞུར་ཕེབས་པར་མ་ཟད། ད་དུང་གཏེར་ལེན་ཁ་གྲོང་ཁྱེར་དང༌། ཁུལ་སློབ་གསོ་ཅུའུ། ཐེམ་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང༌། རྫོང་སློབ་གསོ་ཅུའུ་བཅས་ཀྱི་འགོ་ཁྲིད་བློ་མཐུན་ཡང་དུས་ཆེན་ལ་འཚམས་འདྲིར་ཕེབས་ཡོད།
སློབ་མས་ཞབས་བྲོ་འཁྲབ་པ།
ད་ལོ་ནི་ཐེངསགསུམ་པའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ཡིན་ལ། ལོ་རེར་ཐེངས་རེ་སྤེལ་བའི་རྒྱལ་སྤྱིའི་དྲུག་བྱིས་པའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། རྒྱལ་ཡོངས་ས་གནས་སོ་སོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཀུན་ཏུ་ལྷད་མེད་དག་གཙང་གི་བྱིས་པའི་དུས་ཆེན་ལ་རོལ་བར་ཚ་རླབས་འཕྱུར་བཞིན་ཡོད།
ཉེ་བའི་ལོ་འགའི་ཚུན་ལ། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་མི་རིགས་སློབ་གསོའི་ལས་དོན་ལ་བྱས་རྗེས་མི་དམན་པ་བཞག་མྱོང་ཞིང༌། མི་རིགས་སློབ་གསོའི་རྐང་འཛིན་པ་མང་པོ་བསྐྱེད་སྲིང་ཐད་ཀྱི་ལས་ཀ་མང་པོ་བསྒྲུབ་པར་གོང་རིམ་གྱིས་ཁས་ལེན་དང་གདེང་འཇོག་ཀྱང་ཚད་མཐོན་པོ་གནང་མྱོང༌། ལྷག་པར་དུ་དེ་སྔོན་ཐེམ་ཆེན་རྫོང་སེང་གེ་མི་རིགས་བཅའ་སྡོད་སློབ་གྲྭ་ནས་ད་ལྟའི་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་མིང་རྟགས་བླངས་བ་འདིས་སློབ་གྲྭས་མི་རིགས་སློབ་གསོའི་ལས་གཞིའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བ་བདེན་དཔང་བྱས་ཡོད་ལ། སློབ་སྒྲུབ་བྱ་གཞག་ལ་ཧུར་བརྩོན་བྱས་པའི་གྲུབ་འབྲས་ཀྱང་སྨིན་ཡོད་པ་མངོན་པ་རེད། སློབ་གྲྭས་རྡོག་རྩ་གཅིག་སྒྲིལ་སྒོས་མི་གཞི་རྩར་བཟུང་ནས། སྤྱོད་ཡོན་གཉིས་ལྡན་གྱི་མི་རབས་རྗེས་མ་བསྐྱེད་སྲིང་བྱེད་པའི་བྱ་བ་ཤུགས་ཀྱིས་བསྒྲུབ་པར་བརྟེན། སྔ་གཞུག་ཏུ་གོང་རིམ་པ་སོ་སོས་གཟེངས་བསྟོད་ཀྱི་རྟགས་མ་དང་བསྔགས་བརྗོད་ཀྱི་མེ་ཏོག་ཀྱང་གཏོར་མྱོང༌།
སློབ་མ་རྣམས་ཀྱིས་ཞབས་བྲོ་འཁྲབ་པ།
དེ་བས། ཐེངས་འདིར་སློབ་གྲྭའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་འོག གཅིག་ནས་འཆར་གཞིའི་ཁྲོད་ནས་སྒྲུབ་པའི་སློབ་སྒྲུབ་གྲུབ་འབྲས་ཡར་ཞུ་བྱེད་པ་དང༌། གཉིས་ནས་སྐལ་བཟང་དེང་གི་སློབ་གསོའི་བསིལ་ཟེར་ཀློང་ནས་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་པའི་ན་ཆུང་བྱིས་པའི་དུས་ཆེན་ལས་གོང་འོག་འགོ་ཁྲིད་རྣམས་ལ་མེས་རྒྱལ་གྱི་མ་འོངས་རྒྱུན་འཛིན་པའི་མདུན་ལྗོངས་ལ་རེ་བའི་ཁེངས་ཡོད་པ་སྟོན་པར་དམིགས་ཏེ། ཁུལ་རིམ་པ་སོ་སོའི་འགོ་ཁྲིད་དག་གདན་ཞུ་བྱས་པ་ཡིན་ལ། འགོ་ཁྲིད་རྣམ་པས་ཀྱང་ཡིད་ཆེས་དང་གྲུབ་འབྲས་ཀྱིས་ལྟེམས་པའི་སློབ་གྲྭ་འདིར་ཐུགས་ཁུར་བྱེད་རྒྱུ་དམ་ལྷོད་བྱུང་མ་མྱོང་སྟབས། ཁོང་ཚོ་རེ་རེའི་གདོང་ལ་འཛམ་གྱིས་བྱུག་སྟེ་སློབ་གྲྭའི་དགེ་སློབ་ཡོངས་དང་ལྷག་པར་དུ་ན་ཆུང་བྱིས་པ་རང་གི་དུས་ཆེན་ལ་རྟེན་འབྲེལ་གྱི་དངོས་ཟོག་སྦྱིན་ཞིང༌། སྙིང་ཉེ་བའི་འཚམས་འདྲི་ཞུས་ཏེ་ཁོ་ཚོ་བདེ་ཐང་ངང་འཚར་ལོངས་བྱུང་ནས་མ་འོངས་བ་ན་མེས་རྒྱལ་ཁྱིམ་གཞི་ཆེན་མོའི་ལྡུམ་རྭ་ནང་གི་བཅུད་ལྡན་མེ་ཏོག་རྐང་གཅིག་བྱེད་དགོས་པའི་བླང་བྱ་བཏོན། སློབ་གྲྭའི་ཚོགས་ར་ཡོངས་ལ་དུས་ཆེན་གྱི་རྣམ་པས་ཡོངས་སུ་ཁེངས་ཏེ། སྙན་འཇེབས་གླུ་ཡི་དབྱངས་རྟ་དང༌། ལྡེམ་མྱུར་གར་གྱི་སྟངས་སྟབས་ཀྱིས་བརྒྱན་ཡོད་པ་རེད།
མཚོ་ནུབ་ཁུལ་དང་རྫོང་གི་རིམ་པ་སོ་སོའི་འགོ་ཁྲིད་དག་གིས་མཐུན་སྒྲིལ་མཉམ་གནས་དང༌། འཆམ་མཐུན་དཔལ་ཡོན། མི་རིགས་རིག་གནས་ཀྱི་སྒྱུ་རྩལ་ཁྱད་ཆོས་རྣམ་པ་མངོན་པར་ཐོན་པའི་དུས་ཆེན་ཞིག་སྤེལ་པར་དགའ་བསུ་ཐོབ་པར་མ་ཟད། ད་དུང་སློབ་གྲྭས་སློབ་སྒྲུབ་བྱེད་ཕྱོགས་ལ་ཁས་ལེན་བྱས། ཞབས་བྲོ《སྨོན་འདུན》དང༌། 《རི་བོང་བློ་ལྡན》། ཕོ་མོའི་མཉམ་ལེན《གསོལ་འདེབས》། ཁེར་ལེན《ཕ་མའི་དྲིན་ལན》སོགས་ཀྱིས་དུས་ཆེན་ལ་སྔར་ལས་སྤྲོ་བག་འཕེལ་དུ་བཅུག་པ་མ་ཟད། ད་དུང་ན་ཆུང་བྱིས་པ་རང་གི་རིག་རྩལ་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་ཐོན་ཡོད་པས། ཚོགས་ར་ཡོངས་ལ་དགའ་སྤྲོའི་ཡོ་ལང་རབ་དུ་རྒྱས།