ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་བློ་སྐྱོར་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
སུམ་ཅུ་བའི་རྩ་བ་བློར་སྐྱོར་མཁན་གྱི་འགྲན་ཞུགས་པ།
དབྱར་ཟླ5བའི་ཚེས18ཉིན་གྱི་ཕྱི་དྲོར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྩོན་འགྲུས་གླིང་གིས་སློབ་གྲྭའི་མགོ་ཁྲིད་ཀྱི་ཡང་དག་པའི་སྣེ་ཁྲིད་དང་བོད་ཡིག་དགེ་རྒན་རྣམ་པའི་གོང་བུ་གཅིག་གྱུར་གྱི་འཆར་བཀོད་འོག འཛིན་གྲྭ་སོ་སོའི་སློབ་བུ་རྣམས་ལ་སྐུལ་འདེད་སྒོས་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་བོད་རྒྱ་དབྱིན་གསུམ་གྱི་རྨང་གཞིའི་སྐོར་གྱི་ཤེས་བྱ་མོད་པོ་བློར་འཛིན་དགོས་པའི་རེ་བ་ནན་མོ་བཏོན་པ་དང༌། ཆེད་དུ་སློབ་བུ་རྣམས་ཀྱིས་དུས་རྒྱུན་བློར་སྐྱོར་བའི་རྣམ་པ་དེ་ཚད་འཇལ་ཞིག་བྱེད་ཆེད་བོད་ཀྱི་བརྡ་སྤྲོད་པའི་ཕྱི་མོ་སུམ་ཅུ་བའི་རྩ་བ་བློར་རྒྱུགས་སྤྲོད་པའི་བྱ་འགུལ་ཞིག་སྤེལ།
ཧྲིག་ཧྲིག་མིག་གི་ལྟ་སྟངས་ཀྱིས་འགྲན་བསྡུར་རྣམ་པ་ཛ་དྲག་ཅིང་མཚར་བོ་ཡིན་པ་ར་སྤྲོད་བྱེད་ཐུབ།
ཐེངས་འདིའི་འགྲན་བསྡུར་ལ་དགེ་སློབ་ཟུང་གི་མཉམ་འབྲེལ་ལེགས་པོ་བརྒྱུད་མཐར་དམིགས་ཡུལ་ཡོད་པ་དང་རྩ་འཛུགས་ཡོད་པ། འཆར་གཞི་ཡོད་པ། གོ་རིམ་ཡོད་པ་བཅས་ཀྱི་ཕུན་ཚོགས་ངོ་མཚར་གྱི་ལྟད་མོ་ཞིག་དགེ་སློབ་ཡོངས་ཀྱི་མིག་གི་དགའ་སྟོན་དང་བསམ་པའི་ལོངས་སྤྱོད་དུ་ངོམ་ཟིན་ལ། འདིར་སྨྲ་ལྕེ་བརྒྱ་ཡིས་བསྟོད་མི་ཚར་བའི་ཁྱད་ཆོས་མངོན་གསལ་དོད་པོ་རེ་རེ་བཞིན་བརྗོད་པའི་དགོས་པའང་ཆེར་མེད།
རེབ་འདིའི་སྐར་འགོད་པས་འདྲ་མཉམ་དྲང་བཞག་གི་གསུང་གལ་ཆེན་གནང་བ།
ཛ་དྲག་དང་ཚུལ་ལྡན། གཟབ་ནན་གྱི་བྱུང་རིམ་མང་བོ་ཞིག་བརྒྱུད་མཐར་མཇུག་མཐའི་ཨང་རིམ་ཡང་གསལ་བོར་མངོན་ཞིང༌། ཐེངས་འདིར་མི་སྒེར་ལ་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་སློབ་མ་དྲུག་ལ་བྱ་དགའ་གནངས་བ་དང་ཐུན་མོང་ལ་ཨང་དང་པོ་གཅིག ཨང་གཉིས་པ་གཅིག ཨང་གསུམ་པ་གཅིག་བཅས་ཐུན་མོང་སྡེ་ཁག་གསུམ་ལ་འཛིན་ཡིག་དང་རྟགས་མའི་བྱ་དགའ་གནངས།
བྱ་འགུལ་འདི་སྤེལ་བའི་དམིགས་ཡུལ་ནི་སློབ་མ་ཡོངས་ཀྱི་བློ་སྤོབས་དང་ཚིག་སྦྱོར་ལེགས་པར་སྤེལ་བའི་ཕྲད་རྣམ་དབྱེའི་སྦྱོར་ཚུལ་གྱི་ནུས་པ་སྐྱེད་སྲིང་བྱ་རྒྱུ་དང༌། སློབ་སྦྱོང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ། ཐོས་པ་རྒྱ་ཆེ་རུ་གཏོང་རྒྱུ་སོགས་ཡིན་ལ། ད་དུང་མ་འོངས་པར་མུ་མཐུད་དུ་བརྩོན་པ་བརྒྱ་འགྱུར་གྱིས་ཆད་པར་ཁ་སྣོན་དང་ནོར་བ་ཡོ་བསྲང༌། མེད་པ་གསར་གཏོད་སྒོས་བོད་སྐད་ཡིག་གི་ཆུ་ཚད་ལ་སྔ་ན་མེད་པའི་གཟི་ཤུགས་ཤིག་དང་གསོན་ཤུགས་ཤིག འཕེལ་ཤུགས་ཤིག་གི་མེ་དཔུང་སྦར་བའི་ཆོད་སེམས་བརྟན་པོ་ཡོད་དོ།།