ཞིང་ཆེན་དང་ཁུལ་རྟོག་ཞིབ་ཚོགས་པས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་རྟོག་ཞིབ་བྱས་པ།
སློབ་གཙོ་རིན་ཆེན་དོན་གྲུབ་ལགས་ཀྱིས་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་རྟོག་ཞིབ་རུ་ཁག་གི་གནས་ཚུལ་སྙན་ཞུ་བྱེད་པ།
རྟོག་ཞིབ་ཚོགས་པས་སློབ་གྲྭའི་གནས་ཚུལ་ལ་རྟོག་ཞིབ་བྱེད་པ།
ཟླ4བའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གྲུབ་པའི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་རྟོག་ཞིབ་རུ་ཁག་གིས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་རྟོག་ཞིབ་བྱས་པ་རེད།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་གཙོ་རིན་ཆེན་དོན་གྲུབ་ལགས་ཀྱིས་སློབ་གྲྭར་དགེ་རྒན་གྱི་སྒྲིག་ཁོངས་ཉུང་དྲག་སྟེ་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་ཞན་དང་སློབ་སྒྲུབ་ཆུ་ཚད་མར་འགྲིབ་པས། ཁྱིམ་བདག་དང་སློབ་མ་རྣམས་ཀྱིས་བསམ་འཆར་མང་པོ་བཏོན་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པ་སོགས་སློབ་གྲྭའི་དངོས་ཡོད་ཀྱི་གནས་ཚུལ་དག་སྙན་ཞུ་བྱས་ཤིང་། དེ་ལ་གཞི་བྱས་ནས་སློབ་གྲྭ་དེ་གས་མི་རིགས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་སྒྲིག་ཁོངས་ཞིབ་བཤེར་གཏན་འབེབས་བྱེད་པར་གཤམ་གྱི་གྲོས་གཞི་བཏོན་པ་སྟེ།
1.མི་རིགས་སློབ་གྲྭའི་བོད་སྐད་ཡིག་དགེ་རྒན་དེ་སློབ་གྲྭའི་རྩ་བའི་སྒྲིག་ཁོངས་ཁྲོད་འཇོག་དགོས་པ། དཀྱུས་མའི་སློབ་འབྲིང་དང་བསྡུར་ན། མི་རིགས་སློབ་གྲྭར་བོད་སྐད་ཡིག་བསླབ་ཚན་ཞིག་ཡོད་པར་མ་ཟད། སློབ་མ་ཡོངས་བཅའ་སྡོད་བྱེད་པས། དཀྱུས་མའི་སློབ་འབྲིང་གི་སྒྲིག་ཁོངས་ལྟར་གཏན་འབེབས་བྱས་ཚེ་དགེ་རྒན་གྱི་སྒྲིག་ཁོངས་འདང་ངེས་མིན། དེ་བས་བོད་སྐད་ཡིག་གི་དགེ་རྒན་གྱི་སྒྲིག་ཁོངས་ལོགས་སུ་གཏན་འབེབས་བྱེད་པའི་ཁར། བཅའ་སྡོད་སློབ་གྲྭའི་དམིགས་བསལ་གྱི་རྒྱུ་རྐྱེན་ལ་གཞིགས་ནས་ནོར་དོན་མི་སྣ་དང་། གཞོགས་སྒྲུབ་མི་སྣ། ཐབ་ལས་མི་སྣ་སོགས་ཟུར་སྣོན་སྒྲིག་ཁོངས་སྒྲིག་དགོས་པ།
2.གོང་རིམ་གྱི་འབྲེལ་ཡོད་ཡིག་ཆའི་ནང་དོན་ལྟར་ཁོར་ཡུག་གི་ཆ་རྐྱེན་དང་། སློབ་གྲྭའི་སྒྲིག་སྲོལ། སློབ་ཁྲིད་ཀྱི་ཁྲིད་ཐབས། སློབ་གསོའི་རྨང་གཞི་སོགས་ཀྱི་རྐྱེན་གང་ཐད་ལ་གཞིགས་ནས་དགེ་རྒན་སྒྲིག་ཁོངས་ཞིབ་བཤེར་གཏན་འབེབས་ཀྱི་ཚད་ཐིག་དགར་བ།
3.དགེ་རྒན་གྱི་སྒྲིག་ཁོངས་ལ་དུས་ཐོག་དོ་དམ་གྱི་ཐབས་སྤྱད་དེ་སློབ་མ་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས། དགེ་རྒན་ལས་བཟོ་བའི་སྒྲིག་ཁོངས་གྲངས་ཚད་ཇེ་མང་དུ་གཏོང་བའམ་ཡང་ན་གཏན་འབེབས་ཀྱི་ཁྱབ་རྒྱ་ལྟར་སྒྲིག་ཁོངས་གྲངས་ཚད་ཞིབ་བཤེར་གཏན་འབེབས་བྱེད་དགོས་པ་བཅས་སོ། །
