logo

རྔ་བ་ཁུལ་གྱིས་ཐབས་བརྒྱ་ཇུས་སྟོང་སྒོས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-29 ཀློག་གྲངས།:

  2011ལོའི་ཟླ7པར《རྔ་བ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྲོལ་ཡིག》ལག་ཏུ་བསྟར་བའི་ཆོག་མཆན་ཐོབ་པ་ནས་བཟུང་། རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པར་ཁྲིམས་ལུགས་ཀྱི་འགན་སྲུང་བརྟན་པོ་ཞིག་མངའ་བ་རེད། ཁོང་ཚོས་བརྙན་འཕྲིན་དང་དང་དྲ་རྒྱ་སོགས་ཀྱི་སྨྱན་བྱད་རིགས་སྣ་ཚོགས་སྤྱད་ནས་རྔ་བ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལ་མཚམས་སྦྱོར་རྒྱ་ཆེན་པོ་བྱས་ཤིང་། རྒྱལ་རོང་གཉུག་མའི་སྐོར་བྲོ་མཐུན་ཚོགས་དང་། རྒྱལ་རོང་རིག་གནས་ཞིབ་འཇུག་ཚོགས་པ། ཆང་རིགས་བསྡུ་ཉར་མཐུན་ཚོགས་སོགས་ལ་བརྟེན་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། དར་སྤེལ་བྱས་པ་རེད།
  གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འགྲེམ་སྤེལ་བྱ་འགུལ་རབས་དང་རིམ་པ་སྤེལ་བ་སྟེ། བོད་ལུགས་ལོ་གསར་དང་། རྟ་རྒྱུག་དུས་ཆེན། གནས་རིའི་ཆོས་སྐོར་དུས་ཆེན། སྐོར་བྲོའི་དུས་ཆེན་སོགས་བསྡུས་པར་མ་ཟད། ཁྲིན་ཏུའུ་རྒྱལ་སྤྱིའི་གཟུགས་འདས་ཤུལ་བཞག་རིག་གནས་དུས་ཆེན་དང་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་སོགས་ལ་ཞུགས་པ་དང་། ཇོ་ནང་ཚངས་དབྱངས་འགྲེམ་སྟོན་ཚོགས་པས་སི་ཁྲོན་རོལ་དབྱངས་སློབ་གླིང་ནས་ཆེད་སྒྲིག་འཁྲབ་སྟོན་བྱས་པ་དང་བོད་ཆང་མི་རིགས་སྲོལ་རྒྱུན་གླུ་གར་ཚོགས་པ་ལྗར་པན་དུ་ཨེ་ཤ་ཡ་ཤར་མའི་དམངས་སྲོལ་སྒྱུ་རྩལ་ཆེད་སྒྲིག་འཁྲབ་སྟོན་ལ་ཞུགས་པ་སོགས་རིག་གནས་འབྲེལ་འདྲིས་བྱ་འགུལ་མང་པོ་སྤེལ་ནས་ཕུན་སུམ་ཚོགས་པོའི་བོད་ཀྱི་དམངས་ཁྲོད་རིག་གནས་ཁྱབ་སྒྲོག་བྱས་པ་རེད།
  མིག་སྔའི་བར་དུ་རྔ་བ་བོད་རིགས་རང་སྐྱོང་ཁུལ་དུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི17དང་། ཞིང་ཆེན་རིམ་པའི་ལས་གཞི57། ཁུལ་རིམ་པའི་ལས་གཞི366། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ7། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ70། ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ112བཅས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།