མཚོ་སྔོན་བོད་ཁུལ་གྱི་སློབ་མར་ཁ་གསབ་རོགས་དངུལ་སྒོར6500ཐོབ་པ།
ཉེ་ཆར། མཚོ་སྔོན་བོད་ཁུལ་གྱི་སློབ་མ300ཧྲན་ཏུང་ཞིང་ཆེན་པིན་ཀྲིག་ལས་རིགས་ལག་རྩལ་སློབ་གླིང་དང་། ཡཱན་ཐེའི་ལས་རིགས་སློབ་གྲྭ། ཧྲན་ཏུང་རྡོ་སོལ་ལག་རྩལ་བཟོ་བའི་སློབ་གྲྭ་སོགས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭར་འགྲིམ་ནས་སློབ་སྦྱོང་བྱེད་འགོ་བརྩམས། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི” སྐབས་སུ་མཚོ་སྔོན་བོད་ཁུལ་ནས་ཐོན་པའི་འབྲིང་རིམ་ལས་རིགས་སློབ་མ་ཁྲི1ལྷག་ཧྲན་ཏུང་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་མཚོ་སྔོན་ཞིང་ཆེན་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”འབྲིང་རིམ་ལས་རིགས་སློབ་གྲྭའི་མཉམ་འབྲེལ་སློབ་སྒྲུབ་གྲོས་ཡིག་བཀོད་དེ། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་གྱི་སློབ་མ་ཁྲི1ལྷག་བསྡུས་ནས་རྒྱལ་ཁབ་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭ་གཙོ་བོ་དག་ནས་སློབ་སྦྱོང་བྱེད་རྒྱུ་རེད། དེ་དང་མཉམ་དུ་ཞིང་ཆེན་གཉིས་ཀས་དགེ་རྒན400ལྷག་བརྗེ་གཏོང་བྱས་ནས་སློབ་སྦྱོང་དང་སློབ་ཁྲིད་བྱེད་རྒྱུ་ཡིན་ལ། དེ་ལས་གཞན་སློབ་གསོའི་སྲིད་འཛིན་མི་སྣ100ལྷག་བརྗེ་གཏོང་བྱས་ནས་སྦྱོང་བརྡར་བྱེད་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་གྱིས་ཧྲན་ཏུང་ལ་སོང་ནས་སློབ་སྦྱོང་བྱེད་པའི་མཚོ་སྔོན་གྱི་སློབ་མར་ལོ་རེར་སྒོར3300ལྷག་གནང་ནས་སློབ་ཡོན་དང་། སྡོད་གླ། དཔེ་རིན་བཅས་ཀྱི་འགྲོ་གྲོན་སེལ་པ་དང་མཉམ་དུ། འཚོ་བའི་ཁ་གསབ་རོགས་དངུལ་སྒོར3200གནང་བ་རེད། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་གྱི་སློབ་མར་འགྲོ་གྲོན་གཅིག་ཀྱང་མི་ལེན་པར་མ་ཟད། ལོ་རེར་ཐེངས་གཉིས་ལ་འགྲིམ་འགྲུལ་དང་སློབ་གྲྭའི་གྱོན་ཆས་ཀྱི་འགྲོ་གྲོན་འདོན་སྤྲོད་བྱེད་པ་རེད།