logo

བོད་ཡིག་སློབ་དེབ་དང་འཁྲིད་ཐབས་དཔྱད་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

རྩོམ་པ་པོ།:པདྨ་ལྷུན་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-12 ཀློག་གྲངས།:


མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་རིན་ཆེན་ཟླ་བའི་ཚོགས་འདུའི་སྐོར་ངོ་སྤྲོད་བྱེད་པ།

          2012ལོའི་སྤྱི་ཟླ1པོའི་ཚེས11ནས13བར། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྐྱོང་གནང་བའི་སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་དཔྱད་གླེང་ཚོགས་འདུ་ཞེས་པ་གནའ་མཁར་ཟི་ལིང་དུ་བསྡུས་ཤིང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སངས་རྒྱས་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ལྕགས་ཐར་རྒྱལ། བོད་ལྗོངས་སློབ་ཆེན་གྱི་ཞལ་ལྕེ་ལྷག་པ་ཚེ་རིང་། མདོ་ལྷོའི་དཀོན་ལོ། ར་རྒྱ་ཤེས་རིག་ནོར་གླིང་གི་འཇིགས་མེད་རྒྱལ་མཚན་སོགས་སྐད་ཡིག་མཁན་པོ་ཁག་དང་ལས་ཐོག་སློབ་ཆུང་དགེ་རྒན་གཙོ་བྱས་པའི་སྐུ་མགྲོན80ལ་ཉེ་བ་དཔྱད་གླེང་ཚོགས་འདུ་ལ་ཞུགས་འདུག མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་འགོ་གཙོ་ཟུར་པའམ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཆེ་མདོ་བ་ཀུན་བཟང་ཤེས་རབ་སོགས་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་དང་དེ་མིན་གཞུང་འབྲེལ་མིན་པའི་རྩ་འཛུགས་ཁག་ཅིག་གི་འབྲེལ་ཡོད་མི་སྣའང་དཔྱད་གླེང་ཚོགས་འདུ་ལ་ཞུགས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྐད་ཡིག་དང་སློབ་གསོའི་སྡེ་ཚན་གྱི་སྲིད་འཛིན་འགན་ཁུར་པའང་ཚོགས་འདུ་ལ་གདན་ཞུ་ལྟར་ཕེབས་ཡོད་པ་རེད།
          ད་ལྟར་མདོ་དབུས་ཁམས་གསུམ་ནས་མི་རིགས་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་གསར་པའི་སྐོར་ལ་བསམ་འཆར་གང་མང་འདོན་བཞིན་འདུག་ལ། སྐད་ཡིག་མཁན་པོ་དང་ལས་ཐོག་དགེ་རྒན་གང་མང་ཞིག་གིས་ཀྱང་འདིའི་སྐོར་ལ་དཔྱད་བརྗོད་གནང་ཡོད་པ་རེད། ལྷག་པར་དུ་ཉེ་ལམ་སློབ་དེབ་སྣ་ཚོགས་ལ་ཚད་གཞི་གསར་པ་ལྟར་ལེགས་བཅོས་བྱེད་གྲབས་ཡོད་པས། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་སྐད་ཡིག་དང་སློབ་དེབ། འཁྲིད་ཐབས་ཐད་ཀྱི་མཁས་པ་དང་སློབ་ཆུང་བོད་ཡིག་དགེ་རྒན་ཁག་ཅིག་ལ་ཆེད་དུ་སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་བགྲོ་གླེང་ཡོང་བར་བསྐུལ་ཞིང་། དཔྱད་གླེང་འདི་ལ་ཆེད་དུ་དཔྱད་རྩོམ30ཙམ་འབྱོར་ཡོད་དེ། དཔྱད་རྩོམ་འདི་དག་ཚང་མ་སློབ་ཆུང་གི་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་སྐོར་བརྗོད་བྱར་བཟུང་ནས་བྲིས་ཡོད་ཅིང་། མདོ་དབུས་ཁམས་གསུམ་ནས་འབྱོར་བ་ཡིན་པས། ཕལ་ཆེར་བོད་ཡོངས་ཀྱི་སློབ་ཆུང་སྐད་ཡིག་སློབ་དེབ་དང་འཁྲིད་ཐབས་ལ་ཞིབ་འཇུག་གནང་བའི་ཆུ་ཚད་ཆེས་མཐོ་བ་མཚོན་ཡོད་པར་འདོད།
          ཚོགས་འདུ་གཙོ་སྐྱོང་བས་བརྗོད་དོན། སློབ་ཆུང་སྐད་ཡིག་གི་སློབ་གསོའི་རྨང་གཞི་གཙོ་བོ་ཡིན་པས། དེང་སྐབས་སྤྱོད་བཞིན་པའི་སློབ་ཆུང་བོད་ཡིག་སློབ་དེབ་ཀྱི་ཁྱད་ཆོས་དང་དགེ་མཚན། སྐྱོན་ཆའམ་མི་འདང་ས། བོད་ཡིག་འཁྲིད་ཐབས་དང་ཉམས་མྱོང་། དེའི་འཆར་སྒོ་དང་རིགས་ལམ། གྲོས་གཞི་སྐོར། བོད་སྐད་ཡིག་གི་ཁྱད་ཆོས་དང་མིང་ཚིག་ཡི་གེའི་ཚོགས་གསུམ་ལ་འཇུག་པའི་གོ་རིམ་དང་ཐབས་ཤེས། ཆ་འཕྲིན་དུས་རབས་ནང་བོད་ཀྱི་སློབ་ཆུང་སློབ་མར་ལྟ་ཀློག་རྩོམ་ཡིག་ག་འདྲ་སྤྲོད་དགོས་པ་བཅས་ལ་དབྱེ་ཞིབ་རྟོག་དཔྱོད་བྱེད་པ་དང་། ཡུལ་ཕྱོགས་སོ་སོའི་ སློབ་གསོ་བ་དང་སྐད་ཡིག་མཁན་པོ། སྐད་ཡིག་དགེ་རྒན་བཅས་ནས་སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་ཐད་ལྟ་ཚུལ་དང་བསམ་འཆར་ག་འདྲ་ཡོད་པ་བཅས་ལ་དཔྱད་པ་བཏང་སྟེ། རྗེས་རབས་པ་རྣམས་སློབ་ཆུང་རིམ་པར་སྐད་ཡིག་རྨང་གཞི་ལེགས་པོ་ཆགས་པར་ཐབས་ལམ་འཚོལ་བར་དམིགས་པ་ཡིན་ཞེས་བཤད།

 

 

 

འབྲེལ་ཡོད་འོས་སྦྱོར།