ནུབ་བྱང་མི་རིགས་སློབ་ཆེན་དུ་གངས་ལྗོངས་ཡུལ་སྲོལ་ཞེས་པའི་རི་མོ་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་པ།

ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་གླིང་གིས་གངས་ལྗོངས་ཡུལ་སྲོལ་
ཞེས་པའི་སྐབས་གསུམ་པའི་རི་མོ་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་པ།
ཉེ་ཆར། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་གླིང་གིས་གངས་ལྗོངས་ཡུལ་སྲོལ་ཞེས་པའི་སྐབས་གསུམ་པའི་རི་མོ་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་ཞིང་། སློབ་གླིང་གི་ཏང་སྤྱི་ཁྱབ་ཧྲུའུ་ཅི་ཁུང་ཆིན་ཀྲུའུ་སོགས་དགེ་རྒན་སྐོར་ཞིག་གིས་ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམ་ཨུ་ཡོན་གྱི་འགན་བླངས་པ་རེད།
ཐེངས་འདིའི་འགྲན་བསྡུར་སྟེང་བསྡོམས་པས་བརྩམས་ཆོས54ཡོད་ཅིང་། དེ་ལས་ཡིག་གཟུགས་བརྩམས་ཆོས16དང་། པར་རིས་བརྩམས་ཆོས26། རི་མོའི་བརྩམས་ཆོས12བཅས་ཡོད་ལ། བརྩམས་ཆོས་ཀྱི་བརྗོད་དོན་ཁྱབ་ཆེ་ཞིང་རྣམ་པ་ཕུན་སུམ་ཚོགས་པ། དབུ་ཅན་དང་དབུ་མེད་སོགས་ཀྱི་ཡིག་གཟུགས་གང་མང་འཛོམས་པ་དང་། དེ་བཞིན་རི་མོ་བརྩམས་ཆོས་ལའང་ཐང་ག་དང་སྣུམ་རིས་སོགས་རིགས་སྣ་ཚོགས་ཡོད་པ་རེད།

སློབ་གྲོགས་ཚོས་ཡིག་གཟུགས་སྒྱུ་རྩལ་ལ་ལྟ་བཞིན་པ།
ཐེངས་འདིའི་འགྲེམ་སྟོན་སྟེང་ཆེས་གཟེངས་སུ་ཐོན་པའི་བརྩམས་ཆོས་ནི2009ལོའི་འཛིན་གྲྭ་དང་པོའི་སློབ་གྲོགས་གཅོད་པ་རྒྱལ་གྱིས་པར་རིས་བརྩམས་ཆོས《བྱིས་བློ》ཞེས་པ་དང་། 2010ལོའི་འཛིན་གྲྭ་དང་པོའི་སློབ་གྲོགས་ལྷ་མོ་རྒྱལ་གྱི་རི་མོ་བརྩམས་ཆོས《རེ་སྙེག》། 2009ལོའི་འཛིན་གྲྭ་དང་པོའི་སློབ་གྲོགས་བསོད་ནམས་ཆོས་འཕེལ་གྱི་ཡིག་གཟུགས་བརྩམས་ཆོས་བཅས་ཡིན་པ་རེད།
བརྩམས་ཆོས་འགྲེམ་སྟོན་འདི་ལས་སློབ་གྲོགས་སོ་སོའི་སྒྱུ་རྩལ་དང་། རང་ཉིད་ཀྱི་འཚོ་བའི་ངོས་ཤིག དེ་མིན་ཅུང་ལེགས་པའི་སྒྱུ་རྩལ་གསོ་སྦྱོང་དང་སྣ་མང་རིག་གནས་འཚོ་བ་བཅས་ཡོངས་སུ་མངོན་པ་རེད།
