logo

“མཚོ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་འགྲེམ་སྟོན”ཧེ་ནན་ནས་བཀྲམ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-30 ཀློག་གྲངས།:


ཟངས་གསེར་ལས་བཞེངས་པའི་སྒྲོལ་མ་སྔོ་མོའི་ལྷ་སྐུ།

  ཟླ12པའི་ཚེས28ཉིན། “ཁྱད་དུ་འཕགས་པའི་ཞིང་ཁམས་ཀྱི་ཚངས་པའི་དབྱངས--མཚོ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་འགྲེམ་སྟོན”ཧེ་ནན་ཞིང་ཆེན་དངོས་མང་བཤམས་སྟོན་དུ་འགྲེམ་འགོ་བརྩམས་ཤིང་། རིགས200ལ་ཉེ་བའི་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་རྟེན་རྫས་ཐེངས་དང་པོར་ཞིང་ཆེན་དེ་གའི་མང་ཚོགས་ཀྱི་མཐོང་ལམ་དུ་མངོན། ཐེངས་འདིའི་འགྲེམ་སྟོན་ནི་ཧེ་ནན་ཞིང་ཆེན་རིག་རྩལ་ཐིན་གྱིས་གཙོ་གཉེར་བྱས་པ་དང་། ཧེ་ནན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དང་མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གཉི་ཀས་མཉམ་སྒྲུབ་བྱས་པ་ཡིན་ལ། 2012ལོའི་ཟླ2པའི་ཚེས19ཉིན་བར་དུ་རིན་མི་ལེན་པར་འགྲེམ་སྟོན་བྱེད་རྒྱུ་རེད།


ཡུལ་དེའི་མང་ཚོགས་ཀྱིས་ཚོན་རིས་སྒྱུ་རྩལ་ལ་གཟིགས་བཞིན་པ།

  རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲེམ་སྟོན་ཁྲོད་བོད་བརྒྱུད་ནང་བསྟན་ལྷ་སྐུ་དང་། གཙགས་དྲུབ་སྒྱུ་རྩལ། དཔར་བརྐོས་བསྟན་བཅོས། ཚོན་རིས་སྒྱུ་རྩལ། ཆོས་ལུགས་ཀྱི་གར་འཆམ་འཁྲབ་སྟངས་བཅས་ཁག་ལྔ་རུ་ཕྱེས་ནས་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་ཁྱད་དུ་འཕགས་པའི་གཟི་དཔལ་མངོན་པར་མཚོན། བོད་ཡུལ་དུ་རང་ས་གནས་ཀྱི་འབྱམས་ཀླས་པའི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱ་ནོམ་པ་ཡོད་པའི་ཁར། རྒྱ་གར་དང་། བལ་བོ། རྒྱ་ནག་སོགས་ཡུལ་གཞན་གྱི་རིག་གནས་ཀྱི་ཉིང་བཅུད་སྡུད་ལེན་བྱས་པར་བརྒྱུད་བརྗོད་བྱ་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་གཟེངས་སུ་ཐོན་པའི་གངས་ལྗོངས་རིག་གནས་སྒྱུ་རྩལ་གྲུབ་པ་རེད། བོད་བརྒྱུད་ནང་བསྟན་གྱི་ལྷ་སྐུ་བཞེངས་པའི་སྒྱུ་རྩལ་ལ་མཚོན་ན་ཆོས་ལུགས་ཀྱི་དད་མོས་དེ་མཚོན་བྱ་དང་། རང་མི་རིགས་ཀྱི་སྲོལ་རྒྱུན་གྱི་མཛེས་དཔྱོད་ལྟ་བ་དང་སྒྱུ་རྩལ་མཚོན་ཐབས་གཞིར་བྱས་ཐོག  འཕགས་ཡུལ་གྱི་གསང་སྔགས་སྒྱུ་རྩལ་ལ་ཟུར་ལྟ་བྱས་ནས་གྲུབ་པ་ཡིན་ལ། ཐང་ག་འབྲི་བཞེངས་ལ་མཚོན་ན་ཚོན་མདོག་དང་ཐིག་རིས་ལ་བརྟེན་ནས་མཛེས་རིས་ཀྱི་བརྗོད་བྱའི་ཉིང་བཅུད་དང་རྣམ་པའི་ཉམས་འགྱུར་མངོན་པར་མཚོན་པ་ཡིན།


འབྲེལ་ཡོད་འོས་སྦྱོར།