logo

སྐབས་བདུན་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”གནང་བའི་མཛད་སྒོ་ཟི་ལིང་དུ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-29 ཀློག་གྲངས།:


སྐབས་བདུན་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”ཐོབ་མཁན་ལ་བྱ་དགའ་གནང་བཞིན་པ།

《སྦྲང་ཆར》དུས་དེབ་ཀྱི་ཕུལ་བྱུང་རྩོམ་སྒྲིག་པར་བྱ་དགའ་གནང་བཞིན་པ།

  ཟླ12པའི་ཚེས28ཉིན། 《སྦྲང་ཆར》དུས་དེབ་སྤེལ་ནས་ལོ་འཁོར30ལོན་པའམ་སྐབས་བདུན་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”གནང་བའི་མཛད་སྒོ་ཟི་ལིང་དུ་བསྡུས་པ་རེད།
  《སྦྲང་ཆར》དུས་དེབ་འཚར་ལོངས་བྱུང་བའི་བགྲང་བྱ་སུམ་ཅུའི་རིང་དུ་གཟབ་ནན་གྱི་འདུ་ཤེས་དང་། གསར་གཏོད་ཀྱི་རིགས་ལམ། གློད་ཡངས་ཀྱི་ལྟ་གྲུབ་བཅས་དམ་པོར་བཅངས་ནས་དུས་རབས་ཀྱི་གོམ་སྒྲ་དང་མཉམ་སྤོ་མཉམ་བསྐྱོད་སྒོས་མི་རིགས་ཀྱི་རླབས་ཆེ་བའི་སྙིང་སྟོབས་ལ་བསྟོད་པའི་བགྱེས་གླུ་བླངས། མིག་སྔའི་བར་དུ་འདོན་ཐེངས123དང་། རྩོམ་པ་པོ་ཆིག་སྟོང་ལྷག་གིས་ཕ་སྐད་ཀྱི་ལམ་ནས་བརྩམས་པའི་རྩོམ་རིག་བརྩམས་ཆོས7000ལྷག་སྤེལ་བ་རེད། བརྩམས་ཆོས་འདི་དག་གིས་ཡང་དག་པའི་ཕྱོགས་སྟོན་དང་དབྱངས་རྟ་གཙོ་བོའི་འོག་དུས་རབས་གསར་བའི་ནང་བོད་རིགས་མི་དམངས་ཀྱི་ཡིད་དུ་འོང་བའི་འཚོ་བའི་དཔེ་རིས་དང་ཡར་ཐོན་ལ་བརྩོན་པའི་བསམ་པའི་འཁྱེར་སོ་མངོན་པར་མཚོན་པའོ། །
  《སྦྲང་ཆར》དུས་དེབ་ཀྱིས1994ལོར“སྦྲང་ཆར་རྩོམ་རིག་བྱ་དགའ”བཙུགས་པ་ཡིན་ལ། བྱ་དགའ་འདི་ལོ་གསུམ་ནང་དུ་ཐེངས་གཅིག་དང་མིག་སྔའི་བར་དུ་ཐེངས་དྲུག་ལ་སྤེལ་བ་ཡིན་ཞིང་། བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་མཉམ་དུ། རྒྱ་ཆེ་བའི་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་དང་ཐོབ་བཞིན་ཡོད། སྐབས་བདུན་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”ནི2009ལོ་ནས2011ལོའི་བར་དུ《སྦྲང་ཆར》སྟེང་བཀོད་པའི་བརྩམས་སྒྲུང་དང་། སྙན་ངག  ལྷུག་རྩོམ། དཔྱད་རྩོམ་བཅས་གཞིར་བྱས་ནས་རྒྱ་ཆེ་བས་ཀློག་པ་པོ་རྣམས་ཀྱིས་དྲ་ཐོག་ཏུ་འདེམ་ཤོག་འཕངས་པར་མ་ཟད། བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་སུ་མཚན་སྙན་ཆེ་བའི་དཔྱད་བརྗོད་པ་དང་། རྩོམ་པ་པོ། རྩོམ་སྒྲིག་པ་སོགས་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་ཡང་དང་བསྐྱར་དུ་རྩད་སྡུར་རྒྱ་ཆེན་པོ་བྱས་མཐར་བདམས་པ་རེད།  ཐེངས་འདིར“སྦྲང་ཆར་རྩོམ་རིག་བྱ་དགའ”ཐོབ་པའི་བརྩམས་ཆོས་ནི་བཀྲ་བྷ་ལགས་ཀྱི《ནས》དང་།  ལྷ་བྱམས་རྒྱལ་ལགས་ཀྱི《ལམ་གྱི་ཉི་འོད》།  སྒོ་མེ་ཚེ་རིང་བཀྲ་ཤིས་ལགས་ཀྱི《མིས་ཁྱི་ལ་རྨུགས་པ་ལྟ་བུའི་གསར་འགྱུར》།  “སྦྲང་ཆར་དཔྱད་བརྗོད་བྱ་དགའ”ཐོབ་པའི་བརྩམས་ཆོས་ལ་བདུད་ལྷ་རྒྱལ་ལགས་ཀྱི《དོན་གྲུབ་རྒྱལ་གྱི་མི་གཞིའི་གས་ཁ་དང་དེས་དེང་རབས་ལ་བྱིན་པའི་བློ་བསྐྱེད》།  “སྦྲང་ཆར་སྨྱུག་གསར་བྱ་དགའ”ཐོབ་པའི་བརྩམས་ཆོས་ནི་འབྲོང་ཕྲུག་ལྷ་ཆེན་རྒྱལ་ལགས་ཀྱི《ངའི་ཕ་ཡུལ་བདའ་ཚང》དང་། ཀླུ་བྱམས་རྒྱལ་ལགས་ཀྱི《འུག་པ་གླེང་བ》བཅས་སོ།།


འབྲེལ་ཡོད་འོས་སྦྱོར།