ནུབ་བྱང་གྲངས་ཉུང་མི་རིགས་ཀྱིས་ཕ་སྐད་ཀྱི་ལམ་ནས་སློབ་སྔོན་སློབ་གསོ་སྒྲུབ་པའི་བགྲོ་གླེང་ཚོགས་འདུ་བསྡུས།
དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།
ཟླ12པའི18ཉིན་ནས་ཚེས20ཉིན་བར་དུ། ནུབ་བྱང་དགེ་འོས་སློབ་ཆེན་གྱི་གྲངས་ཉུང་མི་རིགས་སློབ་གསོ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོ་དང་ཁྰ་ན་ཏའི་མཉམ་འབྲེལ་ལས་གཞི་སྟེ་ནུབ་བྱང་གྲངས་ཉུང་མི་རིགས་ཀྱིས་ཕ་སྐད་ཀྱི་ལམ་ནས་སློབ་སྔོན་སློབ་གསོ་སྒྲུབ་པའི་བགྲོ་གླེང་ཚོགས་འདུ་ལན་གྲུ་ནས་བསྡུས་པ་རེད།
ལས་གཞི་གཙོ་སྐྱོང་བ་ལྡོང་རྒྱལ་ལོ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དོར་ཞི་ལགས་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ལྕགས་ཐར་རྒྱལ་ལགས། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་ལགས། ནུབ་བྱང་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྦང་ཅན་ལགས། ནུབ་བྱང་དགེ་འོས་སློབ་ཆེན་གྱི་སློབ་གསོ་གླིང་གི་སློབ་དཔོན་ལོན་ཧོན་གྲི་ལགས། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་པ་ཆེན་མོ་དགོན་པ་བཀྲ་ཤིས་ལགས་དང་སངས་རྒྱས་མཁར་ལགས། ཀན་ལྷོ་ཁུལ་སྣ་འཛོམས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་དགེ་རྒན་མཁར་བྱམས་བཀྲ་ཤིས་ལགས། བསང་ཆུ་རྫོང་སློབ་གསོ་ཅུའི་ཅུའུ་ཀྲང་ཧི་གྲིན་ལྦིན་ལགས། དེ་མིན་ཐེངས་འདིའི་ལས་གཞིར་མཐུན་རྐྱེན་སྦྱར་བའི་ཁྰ་ན་ཏའི་ཁྲོ་རོན་ཁྲོ་སློབ་གྲྭ་ཆེན་མོའི་སློབ་དཔོན་སི་ཐེ་ལྦིན་ལགས་དང་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་སོགས་ཀྱིས་ལས་གཞི་འདིའི་དགེ་མཚན་དང་མ་འོངས་པའི་འཕེལ་ཕྱོགས་ཀྱི་ཐད་ནས་གཏམ་བཤད་གལ་ཆེན་གནང་བ་རེད། ད་དུང་ཡུས་ཀུའུ་མི་རིགས་དང་བོད་རིགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་དམངས་ཁྲོད་རིག་གནས་རྒྱུན་འཛིན་གྱི་མི་སྣ་སྐོར་ཞིག་ཀྱང་ཚོགས་འདུའི་སྟེང་ཞུགས་ཡོད་པ་རེད།
ཐེངས་འདིའི་ཚོགས་འདུས་ཕ་སྐད་ཀྱིས་ལམ་ནས་སློབ་སྔོན་སློབ་གསོ་སྒྲུབ་པའི་གནས་བབ་གལ་ཆེན་དང་ས་གནས་རིག་གནས་བང་མཛོད་བསྐྲུན་ནས་སློབ་སྔོན་བསླབ་དེབ་ཀྱི་ནང་དུ་བཀོལ་སྤྱོད་བྱེད་པ་སོགས་སྣ་མང་རང་བཞིན་གྱིས་སློབ་གསོ་འདིའི་རིགས་གཙིགས་ཆེན་དུ་འཛིན་དགོས་པ་དང་། རྒྱལ་ཁབ་དང་ས་གནས་སྲིད་འཛིན་གྱིས་གྲངས་ཉུང་མི་རིགས་ཀྱི་ཕ་སྐད་སློབ་གསོར་བཟུང་བའི་ལྟ་སྟངས་གལ་ཆེན་སོགས་བསྟན་ཡོད་པ་རེད།
བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
ཚོགས་ཞུགས་མི་སྣ་རྣམས་མཉམ་དུ་པར་སྐྱོན་པ།