ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་འགའ་ཞིག་གིས་ཐང་ག་སྒྱུ་རྩལ་གྱི་བྱེད་སྒོ་སྤེལ་པ།

བྱེད་སྒོ་སྤེལ་པའི་ཡུལ་དངོས།
ཟླ12པའི་ཚེས9ཉིན་གྱི་དགོང་མོའི་དུས་ཚོད་བདུན་གྱི་སྟེང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཐང་ག་སྒྱུ་རྩལ་ཚོགས་པའི་རིག་ཚན་ཐོག་ཁང་གི210སློབ་ཁང་དུ་ཐང་གའི་སྒྱུ་རྩལ་གྱི་བྱེད་སྒོ་སྤེལ་ཞིང་། ཐེངས་འདིའི་བྱེད་སྒོ་ནི་གཙོར་ཆེར་སློབ་མ་ཡོངས་ལ་ཁ་ཕྱོགས་ཏེ་མཛེས་རྩལ་སློབ་གླིང་གི་སློབ་མ་སྐོར་ཞིག་གིས་ཧ་ལམ་དུས་ཚོད་གཉིས་རིང་ཐང་གའི་སྒྱུ་རྩལ་གྱི་ཚོགས་མི་ཡོངས་ལ་ཐང་ག་དང་འབྲེལ་བའི་འདྲ་གཟུགས་རི་མོའི་འབྲི་ཐབས་ཕྱོགས་ལ་མཛུབ་ཁྲིད་གནང་བ་ཡིན།
ཐང་ག་སྒྱུ་རྩལ་ཚོགས་པ་ནི་སྤྱི་ལོ2011ལོའི་ཟླ3པའི་ཚེས17ཉིན་དངོས་སུ་དབུ་བརྙེས་ལ། མཛེས་རྩལ་སློབ་གླིང་གི་ཐང་ག་འཛིན་གྲྭ་དང་བོད་ཡིག་སློབ་གླིང་གི་ཐབ་གའི་སྒྱུ་རྩལ་ལ་དགའ་ཞིང་དུངས་བའི་སློབ་བུ་སྐོར་ཞིག་གིས་རང་ས་ནས་བཙུགས་ཏེ་གྲུབ་པའི་ཚོགས་པ་ཞིག་ཡིན། ད་ལྟ་ཚོགས་མི182ཙམ་ཡོད་པ་རེད།

སློབ་གྲོགས་ཚོས་མཛུབ་ཁྲིད་ལ་ཉན་པ།
ཐང་ག་སྒྱུ་རྩལ་ཚོགས་པ་འདི་བཙུགས་རྗེས། ཕྱོགས་གང་ལའང་འབྲལ་ཐབས་མེད་པའི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་དང་སྒོས་སུ་བོད་ཀྱི་ཐང་གའི་སྒྱུ་རྩལ་ཁྱབ་སྤེལ་དང་དྲིལ་བསྒྲགས་བྱེད་པ་གཙོར་བཟུང་ཞིང་། སྒྱུ་རྩལ་འདིའི་རིགས་ལ་དགའ་ཞེན་ཆེ་བའི་སློབ་ཆེན་སློབ་མའི་མཛེས་དཔྱོད་རིག་པའི་ཕྱོགས་ནས་ཡོན་ཚད་ཇེ་ལེགས་སུ་གཏོང་བ་དང་། བོད་ཀྱི་ཐང་གའི་སྒྱུ་རྩལ་ཕྱོགས་ལ་དགའ་ཞེན་ཆེ་བའི་སློབ་གྲྭོགས་གང་མང་ཞིག་གི་འདུན་པའང་ཞོར་དུ་བསྐང་བ་བརྒྱུད་ཕན་ཚུན་ལ་རྒྱུས་ལོན་དང་ཤེས་རྟོགས། འབྲེལ་བ་འཛུགས་པ། སློབ་སྦྱོང་བྱེད་སའི་ཚད་མར་འཛིན་པ་བཅས་ཀྱི་སྟེགས་བུ་ལེགས་པོ་ཞིག་ཀྱང་བསྐྲུན་ཡོད།
མཛེས་རྩལ་སློབ་གླིང་གི་སྟག་ལྷ་ཚེ་བརྟན་དང་གཡང་བསམ་གྲུབ་གཉིས་ཀྱི་མཛུབ་སྟོན་འོག སློབ་གྲྭའི་སློབ་མ་ཡོངས་ལ་ཐང་ག་དང་འབྲེལ་བའི་འཆད་ཁྲིད་དང་། སྐྱ་ཐིག་སོགས་རྨང་གཞི་ཤེས་བྱའི་སྐོར་ཟུར་ཁྲིད་བྱས་ལ། དེ་མིན་འབྲེལ་ཡོད་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་པ་མ་ཟད། བོད་ཀྱི་སྒྱུ་རྩལ་སྐོར་གྱི་བརྙན་འཕྲིན་དང་བརྩམས་ཆོས་འགྲེམས་སྟོན་བྱེད་པ་བཅས་བརྒྱུད་དེ་ཐང་ག་སྒྱུ་རྩལ་ལ་རྒྱུས་ལོན་བྱེད་དུ་བཅུག་པ་དང་དེ་སྲུང་སྐྱོབ་དང་ཁྱབ་བསྒྲགས་བྱེད་གང་མང་བྱེད་དགོས་པའི་ངེས་ཤེས་སྩལ་པ་རེད།
