ཐང་བོད་གནའ་ལམ་ལས་རྒྱ་བཟའ་བོད་དུ་བྱོན་པའི་གཏམ་རྒྱུད་ཞལ་ཐང་ཆེན་མོའི་བགྲོ་གླེང་ཚོགས་འདུ་བསྡུས་པ།
ཐང་བོད་གནའ་ལམ་ལས་རྒྱ་བཟའ་བོད་དུ་བྱོན་པའི་གཏམ་རྒྱུད་ཞལ་ཐང་ཆེན་མོའི་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
ཟླ12བའི་ཚེས9ཉིན། ཐང་བོད་གནའ་ལམ་ལས་རྒྱ་བཟའ་བོད་དུ་བྱོན་པའི་གཏམ་རྒྱུད་ཞལ་ཐང་ཆེན་མོའི་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས། གསེར་ཆེན་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་དཔལ་ལྡན་གྱིས་ཚོགས་འདུར་མདོ་འཛིན་བྱས་ཤིང་། ཚོགས་ཐོག་ཏུ་འབྲེལ་ཡོད་ཀྱི་འགོ་ཁྲིད་དང་། རིགས་སོ་སོའི་ཆེད་མཁས་པ་སོགས་ཞུགས་ཡོད། མི་རིགས་རིག་གནས་དར་སྤེལ་དང་། ས་གནས་ཁྱད་ཆོས་མངོན་པར་མཚོན་པ། རིག་གནས་འགན་འཁྲི་དང་ལེན་བྱེད་པ། དེ་མིན་གསེར་ཆེན་རྫོང་གི་བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་གླིང་གའི་རྟེན་རྫས་བཤམས་སྟོན་ཁང་ལ་གཅེས་ནོར་ཞིག་བསྐྲུན་པར་དགོངས་ནས་ཐང་ཀའི་སྒྱུ་རྩལ་པ་གྲགས་ཅན་གསེར་བྲག་དོན་གྲུབ་ཚེ་བརྟན་ལགས་ལ་ངག་བཅོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་བརྩོན་དང་མཉམ་རྒྱས་མཉམ་སྤེལ་བརྗོད་གཞིར་བཟུང་ནས“ཐང་བོད་གནའ་ལམ་ལས་རྒྱ་བཟའ་བོད་དུ་བྱོན་པའི་གཏམ་རྒྱུད་ཞལ་ཐང་ཆེན་མོ《རྒྱ་བཟའ་བོད་དུ་བྱོན་པའི་ཚོན་རིས》”དངོས་སུ་འབྲི་བཞེངས་བྱེད་རྩིས་ཡོད་པ་རེད།
《རྒྱ་བཟའ་བོད་དུ་བྱོན་པའི་ཚོན་རིས》ཀྱི་ཐོག་མའི་སྐྱ་རིས།
མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་ཀྲང་ཝུན་ཁོས་ཀྱིས་གསུང་བཤད་གནང་བཞིན་པ།
ཐང་གའི་སྒྱུ་རྩལ་པ་དོན་གྲུབ་ཚེ་བརྟན་ལགས་ཀྱིས《རྒྱ་བཟའ་བོད་དུ་བྱོན་པའི་ཚོན་རིས》
ཞེས་པའི་ལས་གཞི་འདིའི་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་པ།
ཐང་གའི་སྒྱུ་རྩལ་པ་དོན་གྲུབ་ཚེ་རིང་ལགས་ཀྱིས《རྒྱ་བཟའ་བོད་དུ་བྱོན་པའི་ཚོན་རིས》ཞེས་པའི་ལས་གཞི་འདིའི་གནས་ཚུལ་མཚམས་སྦྱོར་བྱས་པ་ལྟར་ན་ཐང་བོད་གནའ་ལམ་ལས་རྒྱ་བཟའ་བོད་དུ་བྱོན་པའི་གཏམ་རྒྱུད་ཞལ་ཐང་ཆེན་མོ་སྟེ《རྒྱ་བཟའ་བོད་དུ་བྱོན་པའི་ཚོན་རིས》འདིའི་སྲིད་ལ་སྨི108དང་ཁྱོན་བསྡོམས་ཐང་ག23གྱིས་གྲུབ་ཡོད་པ་རེད།
ཆེད་མཁས་པ་ཚོ་ཆུང་གི་ཁོངས་མི་རྣམས།
ཆེད་མཁས་པ་ཚོ་ཆུང་གི་འགོ་གཙོ་རྣམ་པ།
དེ་མུར་ཆེད་མཁས་པའི་ཚོགས་ཀྱིས་ཞལ་ཐང་ཆེན་མོ《རྒྱ་བཟའ་བོད་དུ་བྱོན་པའི་ཚོན་རིས》ཀྱི་ལོ་རྒྱུས་རིན་ཐང་དང་། དོན་དངོས་རིན་ཐང་། རིག་གནས་རིན་ཐང་། སྒྱུ་རྩལ་རིན་ཐང་དང་འབྲེལ་ནས་གྲོས་ཞིབ་རྒྱ་ཆེན་པོ་བྱས་ཏེ་སོ་སོའི་དགོངས་འཆར་དང་གནད་དུ་ཐིངས་པའི་ལྟ་བ་མང་པོ་ལྷུག་པོར་བརྗོད་མཐར་གདེང་འཇོག་བྱས་པ་སྟེ། གཅིག་ནས་ལས་གཞི་འདི་འཛུགས་སྤེལ་བྱེད་པར་ལོ་རྒྱུས་རིན་ཐང་དང་། དོན་དངོས་རིན་ཐང་། རིག་གནས་རིན་ཐང་། སྒྱུ་རྩལ་རིན་ཐང་བཅས་དོད་པོ་ལྡན་པ། གཉིས་ནས་ལས་གཞི་འདིའི་བརྗོད་གཞིའི་སྟེང་ཐབས་ཇུས་རང་བཞིན་ལྡན་ཞིང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དོན་དངོས་ཀྱི་བླང་བྱ་དང་མཐུན་པ། གསུམ་ནས་ལས་གཞི་འདིར་གཟུགས་ཅན་ཤུལ་བཞག་རིག་གནས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཟུང་སྦྲེལ་དང་། མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དང་དེང་རབས་སྒྱུ་རྩལ་ཟུང་སྦྲེལ། ལོ་རྒྱུས་དོན་ཆེན་གྱི་ལོ་རྒྱུས་དགོངས་སྙིང་དང་དེང་རབས་སྤྱི་ཚོགས་འཕེལ་རྒྱས་ཁ་ཕྱོགས་ཟུང་སྦྲེལ་བྱས་ཏེ་ཐང་བོད་གནའ་ལམ་དང་ཐང་བོད་གཉེན་འབྲེལ་སོགས་ལོ་རྒྱུས་ཀྱི་དོན་ཆེན་དཀྲོལ་ཀློག་བྱས་པས། གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་གང་མང་ལྡན་པར་མ་ཟད། གསར་གཏོད་ཀྱི་དོན་སྙིང་དང་ལག་ལེན་གྱི་རིན་ཐང་ཀྱང་དོད་པོ་ལྡན་པ། བཞི་ནས་མིག་སྔར་ཐང་གའི་སྒྱུ་རྩལ་ཉམས་རྒུད་དུ་འགྲོ་བའི་གནད་འགག་འདིར་མཚོ་ལྷོ་ཁུལ་དང་གསེར་ཆེན་རྫོང་སྲིད་གཞུང་གིས་མ་བསྐུལ་དང་བླང་སྒོས་ལོ་རྒྱུས་ཀྱི་འགན་འཁྲི་གཙིགས་སུ་བཟུང་ནས་ཆེད་དུ་འདི་འདྲའི་ཕུལ་བྱུང་གསར་རྩོམ་རྩ་འཛུགས་བྱས་པར་མ་ཟད། ལས་གཞི་འདི་ལ་གྲོས་ཞིབ་རྒྱ་ཆེན་པོ་བྱས་པ་ནི་མི་རིགས་ཀྱི་དམངས་ཁྲོད་གཟུགས་འདས་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ་ཀྱི་ཕན་འབྲས་ལྡན་པའི་ཐབས་ཇུས་ཤིག་རེད་ཅེས་བརྗོད་པ་རེད།
ཆེད་མཁས་པ་རྣམས་ཀྱིས་ལེགས་བཅོས་བྱེད་པའི་དགོངས་འཆར་བཞི་བཏོན་པ་སྟེ། གཅིག་ནས་ལས་གཞི་འདིའི་མིང་དུ་དམངས་ཁྲོད་གཏམ་རྒྱུད་ཅེས་པ་དེར་ལོ་རྒྱུས་ངག་རྒྱུན་ཞེས་བཏགས་ན་འཚམ་པོ་འདུག་པ་དང་། 《རྒྱ་བཟའ་བོད་དུ་བྱོན་པའི་ཚོན་རིས》ཞེས་པ་ལས《རྒྱ་བཟའ་བོད་དུ་བྱོན་པ》ཞེས་བཏགས་ན་འཚམ་པོ་འདུག་ལ། ལས་གཞི་འདིའི་མིང་ཧྲིལ་བོར“བོད་མི་རིགས་ཀྱི་ལོ་རྒྱུས་ངག་རྒྱུན་ཞལ་ཐང་ཆེན་མོ《རྒྱ་བཟའ་བོད་དུ་བྱོན་པ》”ཞེས་གདགས་རྒྱུའི་གྲོས་གཞི་བཏོན། གཉིས་ནས་ཐང་གའི་མཚོན་ཐབས་ཀྱི་ཐད་ནས་མི་རིགས་ཀྱི་སྒྱུ་རྩལ་ཁྱད་ཆོས་མི་འདོར་བར་སྲོལ་རྒྱུན་གྱི་ཐང་གའི་འབྲི་བཞེངས་བྱེད་ཐབས་གཙོར་བྱས་ཐོག དེང་རབས་ཀྱི་འབྲི་རྩལ་ཁ་སྣོན་བྱེད་པ། གསུམ་ནས་ནང་དོན་གྱི་ཐད་ནས་ཆོས་ལུགས་ཀྱི་ཤན་མང་དུ་མི་ཞུགས་པར་ལོ་རྒྱུས་རང་བཞིན་དང་། དམངས་ཁྲོད་རང་བཞིན་གཟེངས་སུ་བཏོན་ནས་དམངས་ཁྲོད་ངག་རྒྱུན་དང་ལོ་རྒྱུས་དོན་དངོས་ཟུང་སྦྲེལ་བྱེད་པ། བཞི་ནས་ལོ་རྒྱུས་སྒྱུ་རྩལ་ཡང་བསྐྱར་མངོན་པའི་ལས་གཞི་ཡིན་པའི་ཆ་ནས་བོད་དུ་བྱོན་པ་ནི་བྱུང་རིམ་ཞིག་ཡིན་པས། བྱེ་བྲག་གི་ལོ་ཚིགས་གཏན་འཁེལ་བྱེད་པ་དང་ལེའུ་རེ་རེར་མིང་འདོགས་ཡོད་པ་བཅས་ཀྱི་གྲོས་འཆར་བཏོན་པ་རེད། ལས་གཞི་འདིས་མཚོ་ལྷོའི་མི་རིགས་རིག་གནས་དར་སྤེལ་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་ཁར། འགོ་ཁྲིད་རང་བཞིན་གྱི་ལས་གཞི་ཞིག་ཡིན་པས། མཚོ་ལྷོ་ཁུལ་ཨུ་དང་སྲིད་གཞུང་གིས་དེ་ལ་མཐོང་ཆེན་བྱེད་ཅིང་། གསེར་ཆེན་རྫོང་གིས་བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་གླིང་ག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ཆེན་པོ་གནང་བཞིན་ཡོད་པ་རེད།