《གཅན་ཚའི་སྔོན་བྱུང་སྲིད་པའི་སྙིང་གཏམ》གྱི་འགྲེམ་སྤེལ་མཛད་སྒོ་བསྡུས་པ།

《མདོ་སྨད་ལྷོ་ཕྱོགས་རྨ་འགྲམ་བཙན་རྫོང་གཅན་ཚ་ཡུལ་གྲུའི་སྔོན་བྱུང་སྲིད་པའི་སྙིང་གཏམ》
ཉེ་སྔོན། 《མདོ་སྨད་ལྷོ་ཕྱོགས་རྨ་འགྲམ་བཙན་རྫོང་གཅན་ཚ་ཡུལ་གྲུའི་སྔོན་བྱུང་སྲིད་པའི་སྙིང་གཏམ》གྱི་འགྲེམ་སྤེལ་མཛད་སྒོ་གཙན་ཚ་རུ་གཟབ་རྒྱས་ངང་བསྡུས་པ་རེད། མཛད་སྒོའི་སྟེང་དཔེ་དེབ་འདིའི་རྩོམ་སྒྲིག་པ་དབང་གྲགས་ལགས་ཀྱིས《མདོ་སྨད་ལྷོ་ཕྱོགས་རྨ་འགྲམ་བཙན་རྫོང་གཅན་ཚ་ཡུལ་གྲུའི་སྔོན་བྱུང་སྲིད་པའི་སྙིང་གཏམ》ཞེས་པ་རྩོམ་སྒྲིག་བྱེད་པའི་ཀུན་སློང་རྣལ་མ་མཚམས་སྦྱོར་བྱས་པ་སྟེ། གཅིག་ནས་ཆུང་དུས་ནས་རྒན་པ་རྣམས་ཀྱིས་བཤད་པའི་གནའ་གཏམ་ལ་སྤྲོ་བ་ཆེ་བ་དང་། གཅན་ཚ་རུ་ལོ་ངོ་ཉི་ཤུ་ལྷག་ལ་ལས་ཀ་བསྒྲུབས་པར་བརྟེན་ཡུལ་དེའི་ལོ་རྒྱུས་ལ་ཧ་ཅང་རྒྱུས་མངའ་བས་དཔེ་དེབ་འདི་རྩོམ་སྒྲིག་བྱེད་པ་ནི་འགན་འཁྲི་ཞིག་ཏུ་ལགས། གཉིས་ནས་ད་ལྟ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ལས་འཛིན་ཡིན་པས་རྩ་འཛུགས་ཀྱིས་གནང་བའི་འགན་ཁུར་ཞིག་ཡིན། གསུམ་ནས་གཅན་ཚའི་ཡུལ་ལ་ལོ་རྒྱུས་རིག་གནས་ཀྱི་རྫོང་སྟུག་པོ་ཡོད་པས་རིག་གཞུང་ཞིབ་འཇུག་གི་རིན་ཐང་ལྡན་པ། བཞི་ནས་ད་བར་དུ་བོད་ཡིག་གི་ལམ་ནས་བཀོད་པའི་གཅན་ཚའི་ལོ་རྒྱུས་དཔེ་དེབ་ཞིག་མེད་པའི་སྟོངས་ཆ་བསྐངས་བས་ལོ་རྒྱུས་ཞིབ་འཇུག་པ་རྣམས་ལ་ཡུལ་ཁོངས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པའི་དཔྱད་གཞི་ཡིག་ཆ་འདོན་སྤྲོད་བྱས་པ་ཡིན་ཞེས་བརྗོད་པ་རེད།

འགྲེམ་སྤེལ་མཛད་སྒོ་བསྡུ་བའི་ཡུལ་དངོས།
གཅན་ཚའི་རྫོང་དཔོན་ཀླུ་རྒྱལ་ལགས་ཀྱིས་རྩོམ་སྒྲིག་པ་དབང་གྲགས་ཀྱིས་དཀའ་སྡུག་ཁྱད་དུ་བསད་ནས་རྗེས་འཇུག་པ་རྣམས་ལ་ཕ་ཡུལ་གྱི་ལོ་རྒྱུས་རྒྱུས་ལོན་བྱེད་པར་རིན་ཐང་གཞལ་མེད་ཀྱི་རྒྱུ་ཆ་འདོན་སྤྲོད་བྱས་པར་གདེང་འཇོག་མཐོན་པོ་གནང་ཞིང་། གཅན་ཚའི་རྫོང་ཨུའི་ཧྲུའུ་ཅུ་ལིན་དཔལ་ལྡན་གྱིས་འགོ་ཁྲིད་རྣམ་པའི་ཚབ་བྱས་ཏེ་རྩོམ་སྒྲིག་པར་གཟེངས་རྟགས་དཔང་ཡིག་གནང་བ་རེད། དཔེ་དེབ་འདིས་གཅན་ཚའི་དམངས་སྲོལ་དང་། ཆོས་ལུགས་དད་མོས། ཁོར་ཡུག་སྲུང་སྐྱོབ་སོགས་སྲོལ་རྒྱུན་གྱི་རིག་གནས་ཞིབ་རྒྱས་ངང་མཚམས་སྦྱོར་བྱས་ཡོད་གཤིས། གཅན་ཚའི་སྲིད་འབྱོར་རིག་གསུམ་དང་། དམངས་སྲོལ། རིག་གནས་ཀྱི་སེམས་ཁམས་སོགས་ཤེས་རྟོགས་བྱེད་པའི་བསྟན་བཅོས་རྨད་དུ་བྱུང་བ་ཞིག་ཡིན་པ་རེད།
