logo

བོད་ཁུལ་ཞིང་ཆེན་བཞིའི་སྲིད་འཛིན་དང་གདོད་མའི་སྡེ་མིང་ལོ་ཙཱ་བྱས་ཚར་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-07 ཀློག་གྲངས།:


འབྲེལ་ཡོད་ཀྱི་འགོ་ཁྲིད་དང་ཆེད་མཁས་པ་རྣམས་ཀྱིས་ཞིབ་བཤེར་གཏན་འབེབས་བྱེད་བཞིན་པ།

  རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ལོ་ངོ་གཅིག་གི་རིང་ལ་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་བཞིའི་ཁུལ10དང་། གྲོང་ཁྱེར2། རྫོང75། ཞང་གྲོང836གི་སྲིད་འཛིན་དང་གདོད་མའི་སྡེ་མིང་འཚོལ་སྡུད་དང་ལེགས་སྒྲིག་བྱས་མཐར་བོད་རྒྱ་ཤན་སྦྱར་ལོ་ཙཱ་བྱས་ཚར་ཞིང་། ཁྱོན་སྡོམ་ཐ་སྙད་ཁྲི2ལ་ཉེ་བ་ཞིག་བསྡུ་སྒྲིག་བྱས་ཡོད་པ་རེད། ལས་གཞི་འདིའི་ལེགས་འགྲུབ་བྱུང་བ་ལས་བོད་རང་སྐྱོང་ལྗོངས་ཕུད་པའི་བོད་ཁུལ་ཞིང་ཆེན་བཞིའི་སྡེ་བ་རིམ་པའི་ས་མིང་བོད་རྒྱ་ཤན་སྦྱར་གྱི་ཚིག་མཛོད་མེད་པའི་སྟོང་ཆ་དེ་ཁ་སྐོང་བྱས་པ་མཚོན་ཐུབ།
  ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའི་ཅུའུ་ཀྲང་ལཱི་ཅན་ཧེས་ས་མིང་ནི་སྤྱི་ཚོགས་སྤྱིའི་རྒྱུན་སྤྱོད་ཀྱི་ཆ་འཕྲིན་ཞིག་ཡིན་པའི་ཆ་ནས་དམངས་ཀྱི་འཚོ་བ་དང་ཁ་འབྲལ་ཐབས་མེད་པར་མ་ཟད། རྒྱལ་ཁབ་ཀྱི་སྲིད་འཛིན་དོ་དམ་དང་། དཔལ་འབྱོར་འཛུགས་སྐྲུན། རྒྱལ་ཁབ་ཕྱི་ནང་གི་འབྲེལ་འདྲིས་ཁྲོད་ཀྱི་རྨང་གཞིའི་ཆ་འཕྲིན་ཐོན་ཁུངས་མེད་དུ་མི་རུང་ཞིག་ཡིན་པ་རེད་ཅེས་བཤད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་ལྔ་བའི་ས་མིང་ཚད་ལྡན་ཅན་གྱི་ཚོགས་འདུའི་གྲོས་ཆོད6པའི་ཁྲོད་ས་མིང་ནི་མི་རིགས་ཀྱི་ཤུལ་བཞག་རིག་གནས་རེད་ཅེས་བཏོན་ཞིང་། རང་རྒྱལ་གྱི་བོད་རིགས་འདུས་སྡོད་བྱས་ཡོད་པའི་ཉིང་བཅུད་ཕུན་སུམ་ཚོགས་པའི་ས་མིང་རིག་གནས་ནི་ཀྲུང་ཧྭ་མི་རིགས་ས་མིང་རིག་གནས་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་དུས་རབས་སྔོན་མའི་ལོ་རབས90ནས་བཟུང་། བོད་རིགས་འདུས་སྡོད་བྱས་པའི་ས་ཁུལ་ལ་ལར་ཆེད་དུ་ས་མིང་གཞུང་ལས་ཁང་བཙུགས་ནས་རྫོང་དང་། ཡུལ་ཚོ། སྡེ་བའི་སྲིད་འཛིན་དང་གདོད་མའི་སྡེ་མིང་འཚོལ་སྡུད་དང་ལེགས་སྒྲིག་བྱེད་བཞིན་ཡོད་མོད་ཀྱང་། མིག་སྔའི་བར་དུ་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་བཞིའི་ཁུལ་དང་། རྫོང་། ཡུལ་ཚོ། སྡེ་མིང་བཅས་སུ་གཅིག་གྱུར་དང་ཚད་ལྡན་གྱི་བོད་རྒྱ་ཤན་སྦྱར་གྱི་ཚིག་མཛོད་ཞིག་བསྒྲིགས་མེད་པས། རིགས་སོ་སོའི་ཡིག་ཆ་དང་། གསར་འགྱུར་ཁྱབ་སྒྲོག  དྲ་རྒྱ་བརྒྱུད་སྒྲོག་སོགས་ཀྱི་བོད་རྒྱ་ལོ་ཙཱའི་ཁྲོད་ས་མིང་ལོ་ཙཱའི་ནོར་འཁྲུལ་བྱུང་དང་འབྱུང་བཞིན་ཡོད་པ་རེད།


འབྲེལ་ཡོད་ཀྱི་འགོ་ཁྲིད་དང་ཆེད་མཁས་པ་རྣམས་ཀྱིས་ཞིབ་བཤེར་གཏན་འབེབས་བྱེད་བཞིན་པ།

  གནད་དོན་འདི་དག་ཐག་གཅོད་བྱེད་པར་དམིགས་ནས2010ལོ་ནས་བཟུང་། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཆེད་དུ་མི་ཤུགས་དང་དངོས་ཤུགས་བཏོན་ཏེ་ཁུལ་དང་རྫོང་གི་ས་གནས་རྣམ་བཤད་དང་རིགས་སོ་སོ་ཡིག་ཆར་ཞིབ་ལྟ་བྱེད་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་བོད་ཁུལ་གྱི་ཞིང་ཆེན་བཞིའི་སྲིད་འཛིན་དང་གདོད་མའི་སྡེ་མིང་ཤན་སྦྱར་གྱི་ཐ་སྙད་ཁྲི2ལ་ཉེ་བ་ཞིག་འཚོལ་སྡུད་དང་ལེགས་སྒྲིག་བྱས་ནས། བསྡུ་ཉར་དང་། རིམ་སྒྲིག  ཞི་དག  ཞིབ་བཤེར་གཏན་འབེབས་བྱེད་པ་བཅས་རབས་དང་རིམ་པ་བརྒྱུད་མཐར་ལས་གཞིའི་སྔོན་དུ་གཏན་འབེབས་བྱས་པའི་ལས་འགན་ལེགས་འགྲུབ་བྱུང་བ་རེད།
  ལཱི་ཅན་ཧེས་བཤད་རྒྱུར། ལས་གཞི་འདི་ལེགས་འགྲུབ་བྱུང་བས་བོད་སྐད་ཀྱི་ས་མིང་ལོ་ཙཱའི་ཡང་དག་རང་བཞིན་ཇེ་ལེགས་སུ་གཏོང་བ་དང་བོད་རིགས་འདུས་སྡོད་ས་ཁུལ་གྱི་བོད་ཡིག་ལོ་ཙཱ་གཅིག་གྱུར་བྱེད་པར་དོན་སྙིང་ཆེན་པོ་ལྡན་པར་མ་ཟད། མི་རིགས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་། ཏང་གི་མི་རིགས་སྲིད་ཇུས་ལག་ཏུ་བསྟར་བ། བོད་རིགས་འདུས་སྡོད་ས་ཁུལ་གྱི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པ་བཅས་སུ་མངོན་སུམ་གྱི་དོན་སྙིང་ཆེན་པོ་ལྡན་ཞེས་བརྗོད་པ་རེད།
  ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའི་ཅུའུ་ཀྲང་གཞོན་པ་ལཱི་བན་ཡུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན་ལས་གཞི་འདི་ལེགས་འགྲུབ་བྱུང་རྗེས་ཁོང་ཚོས་མུ་མཐུད་དུ་ཞིང་ཆེན་བཞིའི་དགོན་སྡེ་དང་རི་ཆུ་སོགས་ཀྱི་མིང་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བའི་བྱ་བ་བསྒྲུབ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།