ནུབ་བྱང་མི་རིགས་ས་རྒྱུད་ཀྱི་ཤེས་རིག་དང་ཆོས་ལུགས། གདུང་རྒྱུད་འབྲེལ་བའི་བགྲོ་གླེང་ཚོགས་འདུ།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་གླིང་
གི་དགེ་རྒན་སུའུ་ཧྥ་ཞང་ལགས་ཀྱིས་མདོ་འཛིན་བྱེད་པ།
ཉེ་ལམ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི“985ལས་གཞིའི”མི་རིགས་འཕེལ་རྒྱས་དང་མི་རིགས་འབྲེལ་བའི་གནད་དོན་ཞིབ་འཇུག་ལྟེ་གནས་དང་། མི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་གླིང་བཅས་མཉམ་འབྲེལ་སྒོས་སྤེལ་པའི“ནུབ་བྱང་མི་རིགས་ས་རྒྱུད་ཀྱི་ཤེས་རིག་དང་ཆོས་ལུགས། གདུང་རྒྱུད་འབྲེལ་བའི་བགྲོ་གླེང་ཚོགས་འདུ”ཞེས་པ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་གཟབ་རྒྱས་ངང་ཚོགས་ཤིང་། རྒྱལ་ཡོངས་ནུབ་བྱང་མི་རིགས་སྐོར་ཞིབ་འཇུག་བྱེད་པའི་ཆེད་མཁས་དང་རིག་པ་སྨྲ་བ50ལྷག་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་ཞུགས་པ་དང་། ནུབ་བྱང་མི་རིགས་ས་རྒྱུད་ཀྱི་ཁྱབ་ཁོངས་དང་། ཞིབ་འཇུག་གི་དགོས་པ། ཆོས་ལུགས་དད་མོས། མི་རིགས་འབྲེལ་བ། རིག་གནས་སོགས་བརྗོད་བྱ་གཙོར་བཟུང་སྟེ་གྲོས་བསྡུར་བྱས་པ་རེད།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་སུང་མེ་ཡིས་མཛད་སྒོར་སྙན་ཚིག་བསྒྲོགས་པ།
བགྲོ་གླེང་མཛད་སྒོ་འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི“985ལས་གཞིའི”མི་རིགས་འཕེལ་རྒྱས་དང་མི་རིགས་འབྲེལ་བའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་གཞོན་པའམ། མི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་གླིང་མི་རིགས་རིག་པ་སྡེ་ཁག་གི་འགོ་གཙོ་སུའུ་ཧྥ་ཞང་ལགས་ཀྱིས་མདོ་འཛིན་བྱས་ཤིང་། སློབ་གཙོ་གཞོན་པ་སུང་མེ་ཡིས་མཛད་སྒོར་སྙན་ཚིག་བསྒྲོགས་པ་དང་། མི་རིགས་འཕེལ་རྒྱས་དང་མི་རིགས་འབྲེལ་བའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོའམ། མི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་གླིང་གི་འགོ་གཙོ་ཏིན་ཧོང་ལགས་ཀྱིས་གཏམ་བཤད་གལ་ཆེན་གནང་བ་རེད།
ཀན་སུའུ་ཞིང་ཆེན་བོད་མིའི་རིག་གནས་འཕེལ་རྒྱས་ཡར་སྐུལ་ཚོགས་པའི་རྒྱུན་ལས་ཨུ་
ཡོན་གྱི་ཚོགས་གཙོ་གཞོན་པ་ཀྲོའོ་ཡུན་ཧོང་གིས་བརྗོད་དོན་སྙན་ཞུ་སྤེལ་པ།
ལན་གྲུ་སློབ་ཆེན་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་བོད་རིགས་
ཆེད་མཁས་པ་ཆོས་འཕེལ་ལགས་ཀྱིས་དཔྱད་གཏམ་སྤེལ་པ།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ཁག་བདུན་དུ་དབྱེ་བ་དང་། བསྡོམས་པས་ཆེད་མཁས་པ33ལྷག་གིས་སོ་སོའི་དཔྱད་རྩོམ་སྒྲོག་འཆད་དང་བོད་རིག་པ་བ་དག་གིས་ཀྱང་དཔྱད་གཏམ་སྤེལ་པ་ཡིན་ལ། ལན་གྲུ་སློབ་ཆེན་གྱི་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་བོད་རིགས་ཆེད་མཁས་པ་ཆོས་འཕེལ་ལགས་ཀྱིས་རྨ་ནུབ་དོག་ལམ་གྱི་མི་རིགས་མང་པོའི་རིག་གནས་མཉམ་སྐུལ་དང་གཅིག་བསྡུའི་རྣམ་པ་འགའ་ཞེས་པའི་དཔྱད་གཏམ་སྤེལ་པ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ཉི་མ་ཚེ་རིང་གིས་སྲུང་མ་དཔལ་ལྡན་ལྷ་མོའི་ཡོང་ཁུངས་དང་རིགས་དབྱེ་ཞེས་པར་ཡང་བསྐྱར་འགྲེལ་བཤད་བྱས་པ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འབུམ་རམས་པ་ཟླ་བ་ཚེ་རིང་ལགས་ཀྱིས་དེང་རབས་སློབ་ཆེན་སློབ་མས་བོད་རྒྱུད་ནང་བསྟན་ཐད་ཀྱི་ལྟ་ཚུལ་ལ་དབྱེ་ཞིབ་དང་གདེང་འཇོག་གནང་བ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བློ་བཟང་མཁས་གྲུབ་ཀྱིོས་བོད་རིགས་སྡོད་ཁང་འཛུགས་སྐྲུན་གྱི་འཕེལ་རྒྱས་དང་དེའི་ཁྱད་ཆོས་སྐོར་ལ་དཔྱད་གཏམ་སྤེལ་པ། ནུབ་བྱང་སྲིད་ཁྲིམས་སློབ་ཆེན་ཉེས་དོན་ཁྲིམས་ལུགས་སྡེ་ཁག་གི་མུ་ཁྲི་ཡོན་ཏན་རྒྱ་མཚོས་མི་རྣམས་ཀྱིས་ལོག་འགྲེལ་བྱས་པའི་སྲོལ་རྒྱུན་རིག་གནས་ཏེ་བོད་མིས་སྲོག་སྐྱིན་དུ་སྤྲོད་པའི་རིན་ཐང་ལྟ་བར་དབྱེ་ཞིབ་དང་ཞིབ་འཇུག་གནང་བ། དཔའ་རིས་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་གངས་གནས་བརྟན་ཚེ་རིང་གིས་བརྙན་གཟུགས་བརྒྱུད་དེ་དཔའ་རིས་དམངས་གླུ་དང་དེའི་ཁྱད་ཆོས་དང་རིགས་དབྱེ་སོགས་མཚམས་སྦྱོར་བྱས། དེ་མིན་བོད་རིག་པར་ཞིབ་འཇུག་གནང་བཞིན་པའི་མིང་གྲགས་ཆེད་མཁས་པ་དགེ་རྒན་ཆེན་མོ་སུང་ལིན་སོགས་ཀྱིས་རེབ་གོང་དྲུག་པའི་ཀླུ་རོལ་གྱི་ཆོས་ལུགས་ཆོ་ག་དང་། ཟུང་ཆུ་བོད་མིའི་རུས་མཐུན་ལྟ་བ། བོད་རིགས་ཀྱི་འབྱུང་ཁུངས། ཨ་མདོ་ཡོན་ཏན་པ་སོགས་ཀྱི་ཐད་ལ་ཞིབ་འཇུག་དང་དཔྱད་གཏམ་དཔྱིས་ཕྱིན་པ་ཞིག་སྤེལ་པ་རེད།
དཔའ་རིས་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་གངས་གནས་བརྟན་ཚེ་རིང་གིས་བརྙན་གཟུགས་
བརྒྱུད་དེ་དཔའ་རིས་དམངས་གླུ་དང་དེའི་ཁྱད་ཆོས་དང་རིགས་དབྱེ་སོགས་མཚམས་སྦྱོར་བྱེད་པ།
ཚོགས་འདུའི་ཟུར་ཞིག
སྔར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་མི་མཐུན་པ་ཞིག་ནི་ཐེངས་འདིར་ཞིབ་འཇུག་སློབ་མའི་ཆེད་ཚོགས་ཤིག་སྤེལ་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་གླིང་གི་མི་རིགས་རིག་པའི་ཆེད་ལས་ཀྱི་རབ་འབྱམས་པ་དང་འབུམ་རམས་པའི་སློབ་མ16ལྷག་གིས་རང་ཉིད་ཀྱི་དཔྱད་རྩོམ་སྒྲོག་འགྲེལ་བྱས་ཤིང་། མདོ་འཛིན་པ་དང་དཔྱད་འཇོག་པར་ཞུགས་པའི་མི་བརྒྱད་ཀྱིས་གནས་ཁྲིད་དང་དཔྱད་འཇོག་ཁྲོད་དབྱར་གནང་གི་ཟླ་བ་གཉིས་ཡས་མས་ཀྱི་དུས་སྐབས་ནང་ཡུལ་དངོས་གཟིགས་ཞིབ་གྲུབ་འབྲས་ལ་ཞིབ་བཤེར་གནང་བ་དང་། ཚོགས་འདུ་མཇུག་རྫོགས་རྗེས་སློབ་གྲོགས་རྣམས་ཀྱིས་འདི་ལྟ་བུའི་བགྲོ་གླེང་ཚོགས་འདུ་ནི་དངོས་གནས་རིན་ཐང་ལྡན་པ་དང་ཁོ་ཚོར་མཚོན་ན་ཐོབ་བྱ་མང་པོ་མྱོང་རྒྱུ་ཡོད་པས། གོ་སྐབས་འདི་འདྲ་རེག་པར་དངོས་གནས་སྤྲོ་སེམས་རྒྱས་ཡོད་པར་བསྟན།