བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པའི་འཛིན་གྲྭ་ཚོགས་འགོ་བརྩམས་པ།
ཟླ12བའི་ཚེས2ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པའི་འཛིན་གྲྭ་ཐོག་མ་ལྷ་ས་ནས་འགོ་བཙུགས་ཤིང་། ཉིན་ལྔའི་རིང་དུ་བོད་ལྗོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ40ལ་ཉེ་བ་ འབྲེལ་ཡོད་ཟབ་སྦྱོང་ལ་ཞུགས་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཟབ་སྦྱོང་ནི་བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པར་གཅིག་སྡུད་ཀྱིས་ཟབ་སྦྱོང་སློབ་ཁྲིད་གནང་ཐེངས་ཐོག་མ་ཡིན་ཞིང་། ཟབ་སྦྱོང་ལ་རྒྱུན་འཛིན་གྱི་ཉམས་མྱོང་བརྗེ་རེས་དང་། ཆེད་མཁས་པས་རྒྱུན་འཛིན་བྱ་འགུལ་ཇི་ལྟར་སྤེལ་བའི་སློབ་ཁྲིད་གནང་བ། ཡུལ་དངོས་སུ་རྒྱལ་ཁབ་རིམ་པའི་གཟུགས་འདས་སྒྱུ་རྩལ་རིགས་ཀྱི་ལས་གཞི་སྒྲིག་བཟོ་བྱེད་པ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཁྲིམས་ལུགས》ལ་སློབ་སྦྱོང་བྱེད་པ་སོགས་ནང་དོན་མང་དུ་འདུས།
མིག་སྔར་བོད་ལྗོངས་སུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས2དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས76། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས222། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ53བཅས་ཡོད་པ་རེད།