གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པའི་སྐབས་དྲུག་པའི་ཐ་སྙད་འགྲན་ཚོགས།
གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པའི་སྐབས་དྲུག་པའི་ཐ་སྙད་འགྲན་ཚོགས་ཡུལ་དངོས།
དཔྱད་འདེམས་པ་དག
ཟླ11པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོིད་རིགས་རང་སྐྱོང་ཁུལ་གངས་ལྗོངས་ཤེས་རིག་ཡར་སྐུལ་ཚོགས་པས་སྐབས་དྲུག་པའི་ཐ་སྙད་འགྲན་ཚོགས་ཀྱི་བྱ་འགུལ་སྤེལ་ཞིང་། མགོ་ལོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་གྱི་འགོ་གཙོ་གཞོན་པ་ནོར་བདེ་དང་། སྔོན་མགོ་ལོག་ཁུལ་རྒྱུན་ལས་ཨུ་ཡོན་གྱི་འགོ་གཙོ་གཞོན་པ། མགོ་ལོག་པར་ལེན་མཐུན་ཚོགས་ཀྱི་འགོ་གཙོ་ཧྥུ་ལོ། ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་སོགས་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ཐེངས་འདིའི་ཤེས་བྱའི་འགྲན་བསྡུར་གྱི་བྱ་འགུལ་ལ་ཞུགས་པ་རེད།
ཡུལ་དངོས་སུ་དྲིས་ལན་འདེབས་པ།
འགྲན་བསྡུར་གྱི་གོ་རིམ་ཁྲོད་དམངས་གླུ་དང་རྡུང་ལེན་སོགས་སྒྱུ་རྩལ་འཁྲབ་སྟོན་བྱས་ཤིང་། ཛ་དྲག་གི་རྣམ་པ་དེ་གནས་སྐབས་སུ་ཞི་ལྷོད་དུ་བཟོས་པ་དང་། དགའ་སྡེ་རྫོང་གོང་མ་ཡུལ་ཚོ་ནས་ཡོང་བའི་ལོ་བཞི་ཅན་གྱི་བྱིས་པ་གསེར་མོ་མཚོ་ཡིས་ཡུལ་དངོས་སུ་ཐ་སྙད་གསར་བ་ཉིས་བརྒྱ་ལྷག་བློར་བཟུང་ནས་འདིར་བཞུགས་ལྷན་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།
རྡུང་ལེན་དཀྲོལ་བ།
བྱིས་པ་ཆུང་ཆུང་གསེར་མོ་མཚོ་ཡིས་ཐ་སྙད་བློར་བཟུང་བཞིན་པ།
མགོ་ལོག་ཁུལ་བོད་ཡིག་སློབ་འབྲིང་དང་། བཀྲ་ཤིས་ཀུན་ཕན་བོད་སྨན་སློབ་གྲྭ། དགའ་སྡེ་རྫོང་བོད་ཡིག་སློབ་འབྲིང་སོགས་ཚབ་བྱེད་སྡེ་ཁག་དྲུག་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་ཤིང་། ཛ་དྲག་གི་འགྲན་བསྡུར་བརྒྱུད་དེ་བཀྲ་ཤིས་ཀུན་ཕན་བོད་སྨན་སློབ་གྲྭས་དགའ་རྟགས་ཨང་དང་པོ་བླངས་པ་དང་། དགའ་སྡེ་རྫོང་བོད་ཡིག་སློབ་འབྲིང་དང་མགོ་ལོག་ཁུལ་བོད་ཡིག་སློབ་འབྲིང་གཉིས་ཀྱིས་སོ་སོས་ཨང་གཉིས་པ་དང་ཨང་གསུམ་པ་བླངས། དེ་མིན་འགྲན་ཞུགས་སློབ་གྲྭ་གཞན་དག་ལ་གཟེངས་རྟགས་ཀྱི་བྱ་དགའ་ཐོབ་པ་རེད།
གཟིགས་མོ་བའི་ཟུར་ཞིག
བྱ་དགའ་གནང་བ།