མཚོ་སྔོན་ཞིང་ཆེན་སློབ་སྔོན་སློབ་གསོའི་སྐད་གཉིས་དགེ་རྒན་གྱི་བསླབ་གཞི་ཟབ་སྦྱོང་བྱ་བའི་འཛིན་གྲྭ་བསྡུས།
ས་ཁུལ་སོ་སོ་ནས་ཡོང་བའི་འཐུས་ཚབ་དགེ་རྒན་རྣམ་པས་གསུང་བཤད་ལ་གཟབ་ནན་སྒོས་ཉན་པའི་ཚུལ།
དེང་གི་སློབ་གསོའི་བསྒྱུར་བཅོས་བྱ་བ་ལག་ལེན་མཐའ་འཁྱོལ་དང་སློབ་གསོའི་བྱ་བ་བདེ་ལེགས་ངང་ཁྱབ་གདལ་དུ་སོང་བ་དང་བསྟུན། མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་སློབ་གསོ་ཡང་དུས་བསྟུན་མཉམ་བསྐྱོད་དང་གོང་འཕེལ་དར་རྒྱས་སུ་འགྲོ་བཞིན་ཡོད་པ་རེད། སློབ་གསོའི་སྒྲིག་གཞི་དང་མ་ལག་འཐུས་ཚང་དུ་ཡོང་དགོས་ན། ངེས་པར་དུ་སློབ་སྔོན་བྱིས་པའི་སློབ་གསོ་ནས་འགོ་འཛུགས་དགོས་པ་དང་། དེ་ཡང་རང་ཞིང་ཆེན་གྱི་སློབ་སྔོན་སློབ་གསོའི་དགེ་རྒན་དཔུང་སྡེ་ལེགས་འཛུགས་དང་སློབ་གསོའི་བསླབ་གཞིའི་ནང་དོན་ལེགས་སྒྲིག་བྱ་རྒྱུ་ནི་གནད་དོན་གཙོ་བོ་ཞིག་ཏུ་མངོན། དགོངས་དོན་དེ་གཞིར་བཟུང་ནས་ཟླ11པའི་ཚེས22ཉིན་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་ཁུལ། མགོ་ལོག་ཁུལ། ཡུལ་ཤུལ་ཁུལ་སོགས་ས་ཁུལ་གྱི་སློབ་སྔོན་སློབ་གསོའི་ལས་ཁུངས་དང་། འབྲེལ་ཡོད་འགོ་ཁྲིད། སློབ་གྲྭ་སོ་སོའི་དགེ་རྒན་བཅས་མི་སྣ་སུམ་བརྒྱ་ལྷག་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐས་རིམ་ཚོམས་ཆེན་དུ་བསྡུས་ཏེ་འཛིན་གྲྭ་བཙུགས་ཤིང་། ཆེད་དུ་གདན་འདྲེན་བྱས་པའི་ཆེད་མཁས་མི་སྣ་བསྟན་པ་རྒྱ་མཚོ་སོགས་འབྲེལ་ཡོད་འགོ་ཁྲིད་རྣམ་པས་སློབ་སྔོན་སློབ་གསོའི་བསླབ་གཞི་དང་། དགེ་རྒན་གྱི་སྤུས་ཚད་ཇེ་ལེགས་དང་མཐོར་འདེགས་བྱེད་པའི་སྐོར་གྱི་སློབ་ཁྲིད་དང་གཏམ་བཤད་གནང་།
སློབ་གསོའི་ཆེད་མཁས་པ་བསྟན་པ་རྒྱ་མཚོ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།
ཉིན་གཅིག་རིང་གི་སློབ་སྦྱོང་བརྒྱུད་ཟབ་སྦྱོང་ལ་ཞུགས་པའི་དགེ་རྒན་རྣམས་ཀྱིས་དུས་རབས་གསར་བའི་སློབ་གསོའི་གསོན་ཉམས་དང་འགྲན་རྩོད། མགྱོགས་མྱུར་རང་བཞིན་དེ་རྟོགས་ཐུབ་ཅིང་། དེ་བཞིན་དུ་དུས་རབས་ཀྱི་སློབ་གསོ་དང་། ལྷག་པར་དུ་དགེ་རྒན་རྣམས་ལ་བཏོན་པའི་འབོད་སྐུལ་དང་སྐུད་འདེད་དེ་ཡང་ངང་ངམ་ཤུགས་ཀྱིས་ཚོར་ཐུབ་པ་རེད།
རྫོང་ཁག་སོ་སོ་ནས་ཡོང་བའི་དགེ་རྒན་འཐུས་ཚབ་པ།