འབུམ་རམས་པ་ཡོན་ཏན་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནས་རིག་གཞུང་འཆད་ཁྲིད་གནང་བ།

འབུམ་རམས་པ་ཡོན་ཏན་ལགས་ཀྱིས་རིག་གཞུང་འཆད་ཁྲིད་གནང་བཞིན་པ།
ཟླ11པའི་ཚེས18ཉིན། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་འབུམ་རམས་པ་ཡོན་ཏན་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནས《བོད་ཀྱི་གནའ་རབས་དད་མོས་ཁྲོད་ཀྱི་ལྷ་སྒྲུང་དང་དེའི་ཆོས་ལུགས་ཀྱི་འབྱུང་ཁུངས་》ཞེས་པའི་རིག་གཞུང་འཆད་ཁྲིད་གནང་བ་རེད།
ཁོས་འཆད་ཁྲིད་བྱས་པའི་ནང་དོན་གཙོ་ཆེ་བ་ལ། ཡ་ཐོག་བོད་ཀྱི་རིག་གནས་གནས་སྟངས་དང་འཕེལ་འགྱུར། བོད་ཀྱི་ཤེས་རིག་འཕེལ་རིམ་ལ་གནའ་རབས་ཆོས་ལུགས་དང་བོན་གྱི་ཆོས་ལུགས། སངས་རྒྱས་ཆོས་ལུགས་བཅས་རིམ་པ་མི་འདྲ་བ་གསུམ་བྱུང་ཡོད་པ་དང་། ལྷག་པར་དུ་གནའ་རབས་ཆོས་ལུགས་ཀྱི་རྨང་གཞིའི་སྟེང་ནས་བོན་གྱི་ཆོས་ལུགས་སོགས་རིམ་གྱིས་བྱུང་བ་དང་། རིག་གནས་དེ་དག་གི་ཕྱི་མོ་འགའ་རེ་ད་ལྟའི་དུས་སུ་ལྷ་སྒྲུང་དང་ཀླུ། ཕྱཱ་ཡི་སྐོར། བོན་གྱི་ཡིག་ཆ། ཏུན་ཧོང་ཡིག་རྙིང་སོགས་ཀྱི་ནང་ན་ཡོད་པ་དེ་ནི་དེང་རབས་བོད་ཀྱི་ཞིབ་འཇུག་པ་ཚོས་གདེང་འཇོག་བྱེད་དགོས་པའི་རིག་གཞུང་གི་ཁ་ཕྱོགས་གསར་པ་ཞིག་རེད་ཅེས་བརྗོད་པ་རེད།

རིག་གཞུང་འཆད་ཁྲིད་ལ་ཉན་བཞིན་པའི་ཟུར་ཞིག
གཞན་ཡང་ཕྱཱ་དང་ཀླུ་ཡི་སྐོར་སོགས་ནི་བོད་ཀྱི་གསོ་རིག་གི་ནང་དོན་དང་འབྲེལ་བའི་རིག་གནས་ཤིག་ཡིན་པ་དང་། ཁོས་རིག་གནས་དེ་དག་གི་སྐོར་ལ་རང་གིས་ཞིབ་འཇུག་བྱས་པའི་འབྲས་བུ་བུམ་པ་གང་བྱོའི་ཚུལ་གྱིས་ངོ་སྤྲོད་གནང་བ་ནི་བོད་ལུགས་སྨན་པ་རྣམས་ལ་རིག་གཞུང་ཞིབ་འཇུག་དང་བློ་སྒོ་གསར་བའི་སྒོ་མོ་ཞིག་ཕྱེས་བྱུང་བ་རེད།
ཁོང་གིས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་དག་གིས་ལོ་སྟོང་ཕྲག་གསུམ་ནས་བཞི་ཡར་སྔོན་གྱི་བོད་ཀྱི་གནའ་རབས་རིག་གནས་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་དང་། རང་གིས་ལོ་མང་འཚོལ་བསྡུ་བྱས་པའི་གནའ་བོའི་ཡིག་ཆ། སྲིད་པའི་ཆགས་རབས་དང་། འགྲོ་བ་མིའི་སྲོལ་ལུགས་སོགས་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་རྣམས་མཉམ་དུ་སྦྱར་ཞིང་རིག་གནས་སྣང་ཚུལ་སྣ་མང་དང་འབྲེལ་བའི་བྲོ་བ་ཕུན་སུམ་ཚོགས་པའི་འཆད་འཁྲིད་དེས་ནི་བོད་གནའ་རབས་ཀྱི་དད་མོས་བྱེད་ཕྱོགས་དང་ཆོས་ལུགས་ལ་གསལ་ཞིང་དག་པའི་འགྲེལ་བརྗོད་གནང་པ་ཡིན་ལ། ལྷག་དོན་བོད་ཀྱི་ཆོས་ལུགས་རིག་གནས་དང་འབྲེལ་བའི་གསོ་བ་རིག་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་སྨན་པ་རྣམས་ལ་གསོ་བ་རིག་པའི་འབྲེལ་ཡོད་ནང་དོན་ཕྱོགས་ཀྱི་རིག་གནས་རྒྱབ་ལྗོངས་ལ་གོ་རྟོགས་ཅུང་གསལ་བོ་དྲངས་པ་ཡིན་ནོ།།
