མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་དབང་ཕྱུག་འབུམ་གྱིས་རྩ་རྒྱུད་དང་བཤད་རྒྱུད་བློ་རྒྱུགས་སྤྲད་པ།
སློབ་བུ་དབང་ཕྱུག་འབུམ་ལགས་ཀྱིས་བློ་རྒྱུགས་སྤྲོད་བཞིན་པ།
ཉེ་སྔོན། མཚོ་སྔོན་མི་རིགས་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང2009ལོའི་བོད་ཕྱི་གསོ་རིག་ཟུང་འབྲེལ་འཛིན་གྲྭའི་སློབ་བུ་དབང་ཕྱུག་འབུམ་གྱིས་བོད་ཀྱི་གསོ་རིག་བསྟན་བཅོས་ཆེན་མོ་སྟེ《རྒྱུད་བཞི》ལས《རྩ་རྒྱུད》དང《བཤད་རྒྱུད》གཉིས་བདེ་བླག་ངང་བློ་རྒྱུགས་སྤྲད། “རྟག་གུས་བརྩོན་པ་མ་བཏང་ན། །མི་འགྲུབ་བྱ་བ་ཅི་ཡང་མེད། །ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། །བྲག་གི་རི་བོ་འབིགས་ལ་ལྟོས། །”ཞེས་དར་ལུང་རྣ་བའི་ཐོས་ལམ་དུ་སྔ་མོ་ནས་འཇགས་པའི་གསུང་བཞིན་ཁོས་ཉིན་མཚན་དབྱེར་མེད་དུ་བརྩོན་པ་དལ་འགྲོའི་ཆུ་བོའི་རྒྱུན་བཞིན་སྟེན་པར་སྨིན་འབྲས་གཡུར་དུ་ཟ་བ་བླངས། དེར་མ་ཟད་སློབ་གྲྭ་དེ་དང་དེ་ལས་མང་པོའི་སློབ་གཉེར་གྱི་ལས་ལ་བརྩོན་པའི་སློབ་མ་རྣམས་ལ་མིག་དཔེ་བཟང་བོ་ཞིག་བསྐྲུན་པ་རེད།
ལྟ་ཞིབ་དགེ་རྒན་རྣམས་དང་མཉམ་དུ་པར་སྐྱོན་པ།
རྒྱུད་བཞི་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་གི་སྨན་གྱི་བསྟན་བཅོས་གྲགས་ཆེན་ཡིན་ཞིང་། དེ་ནི་སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོས་དུས་རབས་བརྒྱད་པར་བརྩམས་པ་དང་གཡུ་ཐོག་གསར་མས་དུས་རབས12བར་བསྐྱར་སྒྲིག་གནང་། དེ་ལ《རྩ་རྒྱུད》དང་། 《བཤད་རྒྱུད》 《མན་ངག་རྒྱུད》《ཕྱི་མ་རྒྱུད》བཅས་ཁག་བཞི་རུ་དགར་ཡོད་ཅིང་། བོད་ཀྱི་གསོ་རིག་གི་གཞུང་ཐམས་ཅད་ཀྱི་ཁུངས་གཏུགས་ས་དང་ལག་ལེན་ཡོད་ཚད་ཀྱི་གཞི་འཛིན་ས་ཡིན་པས་བོད་ཀྱི་གསོ་བ་རིག་པ་སྦྱོང་བའི་རྨང་གཞི་འབའ་ཞིག་ཏུ་གྲུབ་པའོ།།
སློབ་མ་དབང་ཕྱུག་འབུམ་གྱིས་བློ་རྒྱུགས་སྤྲོད་པར་བཟོས་པའི་བརྙན་རིས།