ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོར་རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་ལྟེ་གནས་བཙུགས་པ།

ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོར་རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་ལྟེ་གནས་བཙུགས་པའི་མཛད་སྒོ་བསྡུ་བ།
ཟླ11བའི་ཚེས14ཉིན། ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོ་རུ་རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་ལྟེ་གནས་བཙུགས་པའི་མཛད་སྒོ་བསྡུས་པ་རེད། རྒྱལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་ནམ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་བོད་ཡིག་གི་མཚན་བྱང་བྲིས་ཏེ་ཀྲུང་གོའི་ནང་བསྟན་ཞིབ་འཇུག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ཞིང་། རྒྱལ་ཁབ་ཆོས་ལུགས་ཅུའུ་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས། ཀྲུང་གོའི་ནང་བསྟན་མཐོ་རིམ་སློབ་གླིང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་རྣམས་མཛད་སྒོ་ལ་ཞུགས།

མཛད་སྒོ་ལ་ཞུགས་པའི་དགེ་བའི་བཤེས་གཉེན་དང་རིག་གནས་པ་རྣམས་ཀྱིས་མཚན་བྱང་སྟེང་གི་ཡོལ་རས་གཤུ་བ།
ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོ་རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་ལྟེ་གནས་ནི་ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོ་དང་ཧཱེ་ལོང་ཅང་ཞིང་ཆེན་ཏཱ་ཆིན་ཧྥོ་ཡུས་ཀྲིན་ཇེ་དགོན་པ་གཉིས་ཀྱི་མཉམ་དུ་བཙུགས་པའི་རིག་གཞུང་ལས་ཁུངས་ཤིག་ཡིན་ཞིང་། རིག་གཞུང་ཁྱབ་ཁོངས་དང་། ཆོས་ལུགས་ཁྱབ་ཁོངས། དངོས་ལས་ཁྱབ་ཁོངས་བཅས་ཀྱི་ཐོན་ཁུངས་ཕྱོགས་བསྡུས་བྱས་ཏེ་རིག་གཞུང་དང་སྤྱི་ཚོགས་ཀྱི་ཤན་ཤུགས་ཆེ་བའི་མཐོ་རིམ་རིག་གཞུང་ཞིབ་འཇུག་དང་འབྲེལ་འདྲིས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་རྒྱུ་དེ་མཐར་ཐུག་གི་དམིགས་ཡུལ་དུ་གྲུབ།
མཚམས་སྦྱོར་བྱས་པ་ལྟར་ན་རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་བྱ་འགུལ་གཙོ་བོ་ལ་འདི་ལྟ་སྟེ། ལེགས་སྦྱར་དང་རྒྱ་བོད་ཡིག་རིགས་ཀྱི་ནང་བའི་བསྟན་བཅོས་ལོ་ཙཱ་དང་ཞི་དག་བྱེད་པ་དང་། རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་ཐེབས་རྩ་འཛུགས་པ་དང་ཞིབ་འཇུག་བྱ་གཞི་གཙོ་ཤས་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་ནང་བསྟན་གླེང་སྟེགས་དང་འཆད་འཁྲིད་སྤེལ་བ། 《རྒྱལ་སྤྱིའི་ནང་བསྟན་དཔེ་ཚོགས》དང《རྒྱལ་སྤྱིའི་ནང་བསྟན་དཔྱད་རྩོམ་ཕྱོགས་སྒྲིག》པར་སྐྲུན་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་རིག་གནས་པ་གདན་འདྲེན་ཞུས་ནས་དཔེ་ཁྲིད་གནང་བ། རྒྱལ་ཁབ་ཕྱི་ནང་གི་རིག་གནས་པ་དང་སློབ་མ་ཕན་ཚུན་ལ་མཚམས་འདྲི་དང་བརྗེ་རེས་བྱེད་པ། རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་གི་བྱ་དགའི་མ་དངུལ་འཛུགས་པ་སོགས་སོ།
