logo

མདོ་སྨད་ཨ་མདོ་ཡུལ་གྱི་ལྷ་མོའི་ཟློས་གར།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-14 ཀློག་གྲངས།:

 
ཨ་ལྕེ་ལྷ་མོའི་ཟློས་གར་འཁྲབ་མཁན་འཇིགས་བྱེད་མཚོ་ལགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པ།

  ཨ་ལྕེ་ལྷ་མོ་ནི་བོད་ཁམས་སུ་དར་ཁྱབ་ཆེ་བའི་བོད་ཀྱི་ཟློས་གར་ཞིག་ཡིན་ཞིང་། དེ་ནི་དུས་རབས་བཅུ་གཉིས་པའི་ནང་དུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་གསར་གཏོད་མཛད་པ་དང་། ཐོག་མ་ནི་དུས་རབས་བརྒྱད་པར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་དགོན་པ་བཞེངས་པའི་དུས་སུ་ཆོས་སྡེ་དེར་འཁྲབ་པའི་འཆམ་ལས་བྱུང་བ་ཡིན་པར་གྲགས།
  ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རིག་གནས་ཁང་གི་འགོ་གཙོས་མཚམས་སྦྱོར་བྱས་པ་ལྟར་ན་ཨ་མདོའི་ཟློས་གར་ནི་ཀན་སུའུ་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་ཟློས་གར་ཁོ་ན་ཡིན་ཞིང་། དེར་ཀན་སུའི་ཁོངས་སུ་མངའ་བའི་བོད་རིགས་ས་ཁུལ་གྱི་དམངས་སྲོལ་རིག་གནས་དང་། ཆོས་ལུགས་དད་མོས། ཡུལ་ཁོངས་ཁྱད་ཆོས། ཁྱད་དུ་འཕགས་པའི་འཁྲབ་སྟོན་སོགས་ཁོངས་སུ་འདུས།
  ཀན་ལྷོའི་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱེད་མཁན་འཇིགས་བྱེད་མཚོས་མཚམས་སྦྱོར་བྱས་པ་ལྟར་ན་ཨ་མདོའི་ཟློས་གར་གྱི་གདངས་དབྱངས་དང་། འགྱུར་ཁུག གར་སྟབས་སོགས་རང་མི་རིགས་ཀྱི་ཡུལ་ཁོངས་སོ་སོའི་དམངས་གླུ་དང་དམངས་ཁྲོད་ཀྱི་ཞབས་བྲོ་ལས་བྱུང་བ་ཡིན་ཞིང་། གཞས་གདངས་ལ་མཚམས་རེར་དྲག་པ་དང་མཚམས་རེར་ཞན་པ་སོགས་ཟློས་གར་འཁྲབ་མཁན་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཕྱུག་ཡོད་ཟེར།


གེ་སར་སྒྲུང་པ་རྡེ་རྗེ་ལགས་ཀྱིས་སྒྲུང་བཤད་བཞིན་པ།

  ཀན་ལྷོ་ཁུལ་བསང་ཆུ་རྫོང་རིག་གནས་ཁང་གི་འགོ་གཙོས་བཤད་རྒྱུར་རྒྱུན་འཛིན་མེད་ན་དར་སྤེལ་ཞེས་པའང་རྩ་བ་ནས་ཡོད་མི་སྲིད་ལ། དེང་སྐབས་ཀྱི་བོད་ཀྱི་ཟློས་གར་ལ་འཁྲབ་གཞུང་གསར་རྩོམ་ཐད་དེང་རབས་ཀྱི་འཚོ་བའི་རྒྱུ་ཆ་དང་ཟུང་སྦྲེལ་བྱས་པར་མ་ཟད། སྒྲ་སྐྱེད་ལེགས་བཟོས་ཐད་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། ཟློས་གར་ཁྲོད་སྤྱོད་པའི་སྲོལ་རྒྱུན་གྱི་རོལ་ཆས་ལས་གཞན་དེང་རབས་ཀྱི་རོལ་ཆས་སྤྱད་ཡོད་ཅིང་། ཡུལ་ལུང་འགྲིམ་ནས་འཁྲབ་པའི་བོད་ཀྱི་ཟློས་གར་འདི་ད་ལྟ་གར་སྟེགས་སྟེང་དུ་བུད་པའི་ཁར། སྲོལ་རྒྱུན་དང་དེང་རབས་ཀྱི་ཚན་རྩལ་བདེ་བླག་ངང་ཟུང་སྦྲེལ་བྱས་པ་ཡིན་ཞེས་བརྗོད་པ་རེད།
  བོད་ཀྱི་ཟློས་གར་ནི2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་། ཚན་རིག  རིག་གནས་རྩ་འཛུགས་ཀྱིས“གཟུགས་འདས་ཤུལ་བཞག་རིག་གནས་ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་མིང་ཐོར”བཞག་ཅིང་། བོད་ཁམས་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་རྒྱས།


འབྲེལ་ཡོད་འོས་སྦྱོར།