བོད་ཀྱི་རིག་གནས་ཀུན་འདུས་ཀྱི་ཐང་ག་ཆེན་མོ།
འགྲེམ་སྟོན་ཚོམས་ཆེན་གྱི་ཟུར་ཞིག
ཟླ11བའི་ཚེས7ཉིན། “བློ་སེམས་གཅིག་མཐུན། 2011ལོའི་དྲ་རྒྱའི་སྨྱན་བྱད་བོད་ཡུལ་དུ་སྐྱོད་པ།”ཞེས་པའི་རིམ་པ་གཉིས་པའི་གསར་འགོད་ཚོགས་པ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་དུ་སླེབས། འདི་ག་བཤམས་སྟོན་ཁང་གི་གཅེས་ནོར་སྟེ་རིང་ཚད་ལ་སྨི618ཡོད་པའི་ཐང་ག《ཀུན་འདུས་ཞལ་ཐང་ཆེན་མོ》ཡིས་གསར་འགོད་པ་རྣམས་ཀྱི་མིག་གི་དབང་བོ་ཅིག་ཅར་ཉིད་དུ་འཕྲོག
《ཀུན་འདུས་ཞལ་ཐང་ཆེན་མོ》འདིའི་སྲིད་ལ་སྨི618དང་ཞེང་ལ་སྨི2.5ཡོད་ཅིང་། ཐང་གའི་ངོས་ཡོངས་སུ་སྨི་གྲུ་བཞི་མ1500ཡོད་པ་དེ་ཐང་ག700ལྷག་དང་གཙགས་དྲུབས་རི་མོ3000ལྷག་གིས་གྲུབ་པ་རེད། ཐང་ག་ཆེན་མོ་འདིར་བོད་དམངས་རྣམས་ཀྱིས་འཇིག་རྟེན་ལ་ངོས་འཛིན་བྱེད་པ་དང་། ལོ་རྒྱུས། ཆོས་ལུགས། གསོ་རིག རིག་གནས་འཚོ་བ་སོགས་ནང་དོན་ཕུན་སུམ་ཚོགས་པ་འདུས་གཤིས། བོད་ཀྱི་རིག་གནས་ཀྱི་ཀུན་འདུས་དཔེ་ཚོགས་ཆེན་མོ་ཞིག་ཏུ་ལགས་སོ།།
ཐང་གའི་གྲུབ་ཆ་ཞིག
《ཀུན་འདུས་ཞལ་ཐང་ཆེན་མོ》ནི་བོད་ཀྱི་ལྷ་བཟོ་གྲགས་ཅན་བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ལོ་ངོ་ཉེར་བདུན་རིང་ལ་ཇུས་འགོད་བྱས་ནས་མཚོ་སྔོན་དང་། བོད་ལྗོངས། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ལྗོངས་ཞིང་ལྔའི་རྒྱ་བོད་སོག་ཧོར་བཅས་ཀྱི་ལྷ་བཟོ 400ལྷག་རྩ་འཛུགས་བྱས་ཏེ་ལོ་བཞིའི་ནང་འབྲི་བཞེངས་བྱས་ནས་ལེགས་འགྲུབ་བྱུང་བ་རེད། ཐང་ག་འདིའི་ཁྲོད་བོད་ཀྱི་སྲོལ་རྒྱུན་གྱི་མཛེས་རིས་འབྲི་ཐབས་སྤྱད་དེ་གསེར་དང་། གཡང་ཊི། བྱུ་རུ་སོགས་རིན་ཆེན་སྣ་མང་རྒྱུ་ཆར་བྱས་ནས་འབྲི་བཞེངས་བྱས་ཤིང་། ཐང་ག་ཆེན་མོ་འདི་ཅཱི་ཉི་སིའི་འཛམ་གླིང་ཟིན་ཐོའི་ཁྲོད་དུ་བཀོད་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། བཤམས་སྟོན་ཁང་དུ་འགྲེམ་སྟོན་བྱས་པའི་ཐང་གའི་རིང་ཚད་ལ་སྨི614ཡོད་པ་ཕུད། སྨི4སྟེང་ཐང་ག་བྲིས་མེད་པར་གཅིག་ཏུ་སྒྲིལ་འདུག དེ་ལྟར་བྱ་དགོས་དོན་ནི་ཕྱི་རབས་པ་རྣམས་ཀྱིས་བོད་མི་རིགས་ཀྱི་རིག་གནས་ལ་རྒྱུས་ལོན་དང་རྒྱུན་འཛིན་བྱས་ཏེ་སྟོང་ཆར་ལྷག་པའི་སྨི4ཡི་སྟེང་དུ་མུ་མཐུད་དུ་ཐང་ག་འབྲི་བཞེངས་བྱས་ནས་བོད་ཀྱི་ལོ་རྒྱུས་རིག་གནས་འདི་ཉིད་དལ་འགྲོ་ཆུ་བོའི་རྒྱུན་བཞིན་ཡུན་ནས་ཡུན་དུ་སྤེལ་རྒྱུ་དེ་ཡིན་ནོ།།
ཐང་གའི་རྒྱུ་ཆར་ལྟ་བྱེད་ཀྱི་སྤུ་སྙུག