ནུབ་བྱང་མི་རིགས་སློབ་ཆེན་དུ་དགེ་ཆོས་དང་ཆབ་སྤེལ་རྣམ་གཉིས་ཀྱི་རིག་གཞུང་བསམ་བློའི་སྐོར་འཆད་ཁྲིད་གནང་བ།
དགེ་རྒན་ཆེན་མོ་པདྨ་དབང་རྒྱལ་དང་དགེ་རྒན་ཆེན་མོ་རྡོ་རྗེ་དོན་འགྲུབ་རྣམ་གཉིས་ཀྱིས་འཆད་ཁྲིད་གནང་བཞིན་པ།
ཟླ11པའི་ཚེས7ཉིན། དགེ་རྒན་ཆེན་མོ་པདྨ་དབང་རྒྱལ་དང་རྡོ་རྗེ་དོན་འགྲུབ་ལགས་གཉིས་ཀྱིས་ནུབ་བྱང་མི་རིགས་སློབ་ཆེན་དུ་དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་རྣམ་གཉིས་ཀྱི་རིག་གཞུང་བསམ་བློའི་སྐོར་གྱི་འཆད་ཁྲིད་གནང་།
དགེ་རྒན་པདྨ་དབང་རྒྱལ་ལགས་ཀྱིས་དེ་སྔོན་ལྷ་སར་ཚོགས་པའི་དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་རྣམ་གཉིས་ཀྱི་རིག་གཞུང་བསམ་བློའི་བགྲོ་གླེང་ཐོག་ཞུགས་པའི་གནས་ཚུལ་སྐོར་སློབ་མ་རྣམས་ལ་ངོ་སྤྲོད་བྱས་ཤིང་། དེ་མ་ཟད་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་ལོ་རྒྱུས་མདོར་བསྡུས་དང་། ཁོང་ཉིད་ཀྱི་སྙན་ངག་གི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་སྒྱུ་རྩལ་ཁྱད་ཆོས་ཏེ་ཀ་རྩོམ་གྱི་རྩོམ་ཉམས་དང་ཚིགས་བཅད་གཞན་གྱི་རྩོམ་ཉམས། དཔེ་དོན་སྦྱོར་ཚུལ། ཁོང་གི་བསམ་བློའི་སྙིང་སྟོབས་དང་ཤུལ་བཞག་རིག་གནས་སོགས་ཀྱིས་ཕྱི་རབས་པར་ཤུགས་རྐྱེན་ཟབ་མོ་ཞིག་བཞག་ཡོད་པའི་སྐོར་སོགས་བརྗོད་པ་རེད། དགེ་རྒན་རྡོ་རྗེ་དོན་འགྲུབ་ལགས་ཀྱིས་ཁོང་རང་ཉིད་ཀྱི་དཔྱད་རྩོམ་སྟེ་དགེ་འདུན་ཆོས་འཕེལ་གྱི་བརྡ་རྙིང་གི་ཐ་སྙད་མིང་འགྲེལ་ཚད་ལྡན་ཡིན་མིན་སྐོར་ནས་འཆད་ཁྲིད་ཞིབ་རྒྱས་གནང་།
མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་སྙན་ངག་གི་མཚོན་དོན།
འཆད་ཁྲིད་གནང་བཞིན་པའི་ཚོགས་རའི་ཟུར་ཞིག
ཐེངས་འདིའི་བགྲོ་གླེང་སྟེང་སློབ་མ་རྣམས་ཀྱིས་དྲི་བ་དྲིས་ལེན་གྱི་ཚུལ་དུ་དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་རྣམ་གཉིས་ཀྱི་རིག་གཞུང་བསམ་བློའི་ཐད་ལ་སོ་སོའི་ལྟ་བ་ལྷུག་པོར་བརྗོད་པ་དང་མཉམ་དུ། དགེ་རྒན་ཆེན་མོ་པདྨ་དབང་རྒྱལ་དང་རྡོ་རྗེ་དོན་འགྲུབ་ལགས་གཉིས་ཀྱིས་འཆད་ཁྲིད་གནང་བར་བརྒྱུད་ནས་མཁས་དབང་དེ་གཉིས་ཀྱི་རིག་གཞུང་བསམ་བློའི་ཐད་ལ་ངེས་ཤེས་ཡང་དག་པ་ཞིག་བསྐྱེད་པ་མ་ཟད་དུས་དང་རྣམ་པ་ཀུན་ཏུ་མཁས་དབང་དེ་གཉིས་ཀྱི་མཛད་རྗེས་བླ་མེད་ལ་ཡུན་རིང་ཡི་རངས་དང་བསམ་བློའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པར་སྐུལ་མ་ཆེན་པོ་ཐོབ།