logo

འབུམ་རམས་པ་སྐལ་བཟང་རྒྱ་མཚོས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོར་སློབ་སྟོན་གནང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-31 ཀློག་གྲངས།:


ཧྥིན་ལན་ལ་སློབ་སྦྱོང་དུ་ཕྱིན་པའི་འབུམ་རམས་པའམ་དགེ་རྒན་ཆེན་མོ་སྐལ་བཟང་རྒྱ་མཚོས་
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོར་སློབ་སྟོན་གནང་བཞིན་པ།

          ཟླ10བའི་ཚེས29ཉིན་གྱི་སྔ་དྲོ་ཆུ་ཚོད8:30ནས9:45བར།  ཧྥིན་ལན་ལ་སློབ་སྦྱོང་དུ་ཕྱིན་པའི་འབུམ་རམས་པའམ་དགེ་རྒན་ཆེན་མོ་སྐལ་བཟང་རྒྱ་མཚོས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་གྲྭའི་དགེ་རྒན་རྣམས་ལ་སློབ་སྟོན་གནང་བ་རེད། 
          གཙོ་བོ་སློབ་མ་གཞི་རྩ་རུ་འཛིན་པའི་འདུ་ཤེས་ལྟར།  དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་རང་གི་བྱིས་པ་ལྟར་གཅེས་པ་དང་།  སེམས་ཀྱིས་གཉེར་བ་བཅས་བྱས་ཏེ་སློབ་མ་རྣམས་རང་འགུལ་དང་སྤྲོ་སེམས་ལྡན་པའི་ངང་སློབ་སྦྱོང་བྱེད་པར་སྐུལ་མ་གནང་རྒྱུ་དང་།  ཕུལ་དུ་བྱུང་བ་དང་སྔོན་ཐོན།  འགྲན་སྡུར་བྱེད་པ།  དགེ་རྒན་དང་སློབ་མར་ཚད་བརྒལ་གྱི་ནུས་བ་དགོས་པ་སོགས་ཀྱི་ལྟ་སྟངས་མི་འཛིན་པར།  ཚང་མ་དགའ་སྐྱོ་ཆགས་སྡང་ཅན་གྱི་མི་ཕལ་བ་ཡིན་པའི་འདྲ་མཉམ་འདུ་ཤེས་འཛིན་ཞིང་།  མི་གཤིས་ཀྱི་རྩ་བའི་ཆ་ནས་སློབ་མ་རྣམས་ལ་རོགས་འདེགས་གང་ལེགས་བགྱིས་ཏེ་ཁོ་ཚོ་ནར་སོན་པའི་གོ་རིམ་ཁྲོད་སློབ་གསོ་ལེགས་པོ་ཞིག་མྱོང་དུ་འཇུག་དགོས་པ། 


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་
དགེ་རྒན་ཆེན་མོ་སྐལ་བཟང་རྒྱ་མཚོའི་སློབ་སྟོན་ལ་གསན་པ།

         ཧྥིན་ལན་རྒྱལ་ཁབ་ཀྱི་བྱིས་པ་རྣམས་ལ་སློབ་ཁྲིད་ཀྱི་དུས་ཚོད་རྒྱལ་ཁབ་གཞན་དག་ལས་ཉུང་ཞིང་།  གཟའ་མཇུག་དང་སློབ་གསེང་སྐབས་སུ་སློབ་མ་རྣམས་ལ་ལས་བྱ་མང་པོ་མེད་ཅིང་ལུས་ཁམས་ཡོངས་སུ་ལྷོད་ལ་བབས་ཏེ་ངལ་གསོ་བ་དང་།  དགུན་གནང་དང་དབྱར་གནང་སྐབས་སུ་ལས་བྱ་མི་འདུག་ཟེར་ན་མི་ཆོག་རྒྱུ་མེད་པ་འདྲ།  གལ་སྲིད་ལམ་ལུགས་སོགས་ཀྱི་སྟེང་ནས་གཟིགས་རྟོགས་དང་སྐུལ་མ་གཏོང་བ་མིན་ན།  སློབ་སྦྱོང་དང་སློབ་གསོ་འདྲ་མཉམ་དང་དོ་སྙོམས་བྱེད་ཐུབ་ཀྱི་མེད་ཅིང་།  མཐའ་མར་སྤྱི་ཚོགས་ཡོངས་ནས་ནར་སོན་པའི་བྱིས་པ་དག་ལ་སྤྱི་ཚོགས་ཀྱི་འགྲོ་གྲོན་མང་པོ་གཏོང་དགོས་པ་སྨྲས་མ་དགོས་པ་ཞིག་རེད་ཟེར། 
         འདིའི་ཁྲོད་སློབ་གྲྭའི་དགེ་རྒན་རྣམས་ལ་ངེས་ཤེས་ཟབ་མོ་ཐོབ་ཅིང་།  སློབ་གསོའི་གོ་རིམ་ཁྲོད་མི་འདང་བའི་ཆ་མང་པོ་རྟོགས་པ་སྟེ།  དུས་རྒྱུན་མི་གཞི་རྩ་དང་སློབ་མ་གཞི་རྩ་ཡིན་པའི་སློབ་གསོའི་འདུ་ཤེས་སྒྲོག་སྤེལ་བྱེད་ཀྱི་ཡོད་ནའང་རྩ་བའི་ཆ་ནས་མངོན་འགྱུར་བྱུང་མེད་པ་དང་།  སློབ་གསོའི་ཆུ་ཚད་མཐོ་བའི་ཧྥིན་ལན་རྒྱལ་ཁབ་ལ་མཚོན་ན།  སློབ་མ་ཞིག་རྐྱེན་གང་མང་གིས་དུས་ལྟར་སློབ་གྲྭར་བསྐྱོད་མ་ཐུབ་ནའང་རླངས་འཁོར་རམ་གནམ་གྲུ་སོགས་མངགས་ནས་སྐྱེལ་ལེན་བྱེད་ཅིང་། སློབ་མ་གཅིག་གིས་སློབ་ཁྲིད་ཀྱི་ནང་དོན་རྟོགས་མེད་ནའང་དགེ་རྒན་གྱིས་ཐབས་གང་མང་དང་དུས་ཚོད་གང་མང་བེད་སྤྱད་དེ་ཟུར་ཁྲིད་བྱེད་པ་ལྟ་བུར་བསྡུར་ན།  དགེ་རྒན་རྣམ་པས་འདི་གའི་སློབ་གསོ་གནས་ཚུལ་ལས་མི་གཞི་རྩ་དང་སློབ་མ་གཞི་རྩ་ཡིན་པའི་སློབ་གསོའི་ཚད་དེ་ད་དུང་ཧ་ཅང་ཞན་པས་རྗེས་ཕྱོགས་མུ་མཐུད་དུ་བརྩོན་པ་གང་ལེགས་བྱེད་དགོས་པ་རྟོགས་པ་རེད། 


དགེ་རྒན་ཆེན་མོ་སྐལ་བཟང་རྒྱ་མཚོ།

         སྔ་དྲོའི་ཆུ་ཚོད10:00ནས12:00བར།   ཧྥིན་ལན་ལ་སློབ་སྦྱོང་དུ་ཕྱིན་པའི་འབུམ་རམས་པའམ་དགེ་རྒན་ཆེན་མོ་སྐལ་བཟང་རྒྱ་མཚོས་སློབ་གྲྭའི་སློབ་མ་ཡོངས་ལ་སློབ་སྟོན་གནང་བ་དང་།  ཐོག་མར་སློབ་གྲྭའི་སྤྱི་ཡོངས་འཕེལ་རྒྱས་བྱུང་ཡོད་པ་མངོན་གསལ་ཡིན་ཞིང་སློབ་གྲྭའི་ཁོར་ཡུག་དང་ལུས་རྩལ་ར་བ།  སློབ་ཁང་སོགས་གང་ཐད་ནས་ཀྱང་སྔར་དང་བསྡུར་ན་ཤིན་ཏུ་ལེགས་པོར་སྣང་།  དེ་མིན་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་དོན་དངོས་ཐོག་སློབ་མར་གཅེས་སྐྱོང་དང་།   དགའ་སྐྱིད་ལྡན་པའི་སློབ་རའི་འཚོ་བ་ཞིག་སྐྲུན་པར་དོ་ཁུར་ཆེན་པོ་གནང་གིན་ཡོད་ཅིང་། ཕུལ་དུ་བྱུང་བའི་མི་རིགས་སློབ་གསོ་འཕེལ་རྒྱས་ཐད་ལ་འབད་པ་གང་ལེགས་བྱེད་ཀྱིན་པ་འདི་དངོས་གནས་ཡི་རངས་བྱེད་འོས་པ་ཞིག་རེད་ཟེར། 
         སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་རང་འགུལ་སྒོས་སྤྱིར་བཏང་གི་བསླབ་གཞི་ཤེས་བྱ་དག་ངེས་པའི་རྨང་གཞིའི་སྟེང་རིག་ཚན་ལས་གཞན་དང་བསྡུར་ན་ཁྱད་དུ་འཕགས་དགོས་ཤིང་། གཞན་ལས་ཕྱོགས་གཅིག་གིས་མང་བའམ་ཕུལ་དུ་བྱུང་བ་ཡིན་ན་ད་གཟོད་སེམས་འཁྲལ་ཆེན་པོ་མེད་ཅིང་།  སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་སམ་ཕྱོགས་གང་ཐད་ནས་ཀྱང་འཕེལ་རྒྱས་སུ་གཏོང་བ་ནི་ཁྱིམ་བདག་དང་དགེ་རྒན་རྣམ་པའི་རེ་བ་དང་འདོད་འདུན་ཙམ་ཡིན་པ་ལས་མངོན་འགྱུར་བྱེད་ཁག་པོར་སྣང་།  སློབ་མས་རང་འགུལ་སྒོས་སློབ་སྦྱོང་བྱེད་པ་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་ཏེ།  དཔེར་ན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཕྱིའི་རྒྱལ་ཁབ་དག་ལ་འགྲིམ་པའི་སློབ་མ་དེ་དག་ཁོ་ཚོའི་རང་འགུལ་རང་རྟོགས་ལ་བརྟེན་ནས་བྱུང་བའི་འབྲས་བུ་ཡིན་པ་ལས་གཞན་དབང་གིས་འགྲོ་ཐུབ་པ་ཞིག་ཡོད་མི་སྲིད་པ་རེད།  དེ་མིན་སློབ་སྦྱོང་བྱེད་སྐབས་རང་རློམ་བྱེད་རྒྱུ་དེ་དངོས་གནས་གལ་ཆེན་ཞིག་ཡིན་ཞིང་།  མི་རེ་རེར་རང་ཉིད་ཀྱི་ནུས་པ་ལྡན་ལ།  གཞན་གྱིས་སྒྲུབ་མི་ཐུབ་པ་ཞིག་རང་གིས་སྒྲུབ་ཐུབ་པའི་ངེས་བ་ཡོད་པས་རང་རློམ་སྒོས་སློབ་སྦྱོང་བྱེད་དགོས།  དེ་མིན་རིག་ཚན་གཞན་དག་སྦྱོང་བའི་རྨང་གཞིའི་སྟེང་རྩིས་དངོས་རྫས་སོགས་རིག་ཚན་སྦྱོང་རྒྱུར་སེམས་ཤུགས་བསྐྱེད་ཀྱི་ཡོད་དེ།  རྒྱུ་མཚན་ནི་བོད་ཁུལ་དུ་འདིའི་རིགས་སྦྱོང་བར་དེ་ལས་གལ་ཆེ་བར་སྣང་ཞིང་།  བོད་ཁུལ་གྱི་སློབ་ཆེན་སློབ་མ་མང་ཆེ་བ་བོད་སྐད་ཡིག་ཆེད་ལས་ཡིན་ཞིང་མི་རིགས་རིག་གནས་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བྱས་ན་དེ་ནི་དངོས་གནས་ཡག་པོ་ཞིག་རེད་བསམ་ནའང་། ཕྱིར་ཕ་ཡུལ་དུ་སླེབས་རྗེས་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་མ་ཕན་ཚུན་འགྲན་ཡ་བྱེད་པ་ལས་ནུབ་བྱང་ས་ཁུལ་ལས་ཕར་བརྒལ་བྱེད་ཐུབ་ཀྱི་མི་འདུག་པ་རེད།  དེར་བརྟེན།  རིག་ཚན་གཞན་དང་ཆེད་ལས་གཞན་སྦྱོང་རྒྱུ་ཡང་ཧ་ཅང་གལ་ཆེ་བར་སྣང་། 


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་གྲྭའི་སློབ་མ་ཡོངས་ཀྱིས་ལུས་རྩལ་ར་
བ་རུ་དགེ་རྒན་ཆེན་མོ་སྐལ་བཟང་རྒྱ་མཚོའི་སློབ་སྟོན་ལ་ཉན་པ།

         སློབ་གསོའི་རྩ་བའི་དམིགས་ཡུལ་ནི་བསམ་བློ་དང་ཀུན་སྤྱོད་སློབ་གསོ་ཡིན་ཞིང་།  མི་ཇི་ལྟར་བྱེད་རྒྱུ་དང་།  ཕ་མ་དང་ཁྱིམ་མི།  དགེ་རྒན་དང་གྲོགས་པོ་སོགས་ལ་བརྩི་བཀུར་བྱེད་མི་ཤེས་པ་ཞིག་ཡིན་ཚེ།   དོན་དངོས་ཐོག་ཁོ་ལ་ནུས་ཤུགས་གང་འདྲ་ལྡན་ཡང་ཚད་ལྡན་གྱི་མི་ཞིག་མིན་པ་དང་།  ཆེ་ས་ནས་འགྲོ་བ་མིའི་རིགས་དང་།  ཆུང་ས་ནས་རང་གི་སྡོད་ཁུལ་དང་སྡེ་བ་སོགས་ལ་བྱས་རྗེས་འཇོག་མི་ཐུབ་ལ།  དེར་བྱས་རྗེས་འཇོག་དགོས་ན་ཐོག་མར་བསམ་བློ་དང་ཀུན་སྤྱོད་ཚད་ལྡན་ཞིག་དགོས་ཤིང་།  མི་གཤིས་ནི་ནམ་ཡིན་ཡང་གལ་ཆེ་བ་དང་།  ཤེས་བྱ་གང་རིགས་སྦྱོང་བའི་མཐའ་མའི་དམིགས་ཡུལ་དེ་མི་ཇི་ལྟར་བྱ་རྒྱུ་དེ་ཡིན།  སློབ་མས་སློབ་སྦྱོང་བྱེད་པ་ལས་གཞན་ད་དུང་རང་གི་རྗེས་ཕྱོགས་འཚོ་བ་ལ་བསམ་བློ་གཏོང་དགོས། སློབ་སྦྱོང་བྱས་པའི་མཐའ་མར་ད་དུང་ཕ་མར་བརྟེན་ནས་འཚོ་བ་རོལ་བ་ཡིན་ན་དངོས་གནས་ཐལ་དྲག་པ་དང་ངོ་ནོངས་དགོས་པ་ཞིག་རེད། དེ་བས་སློབ་མས་སློབ་སྦྱོང་བྱེད་སྐབས་ད་དུང་རྩ་འཛུགས་སོགས་བྱེད་ཤེས་དགོས་པ་དང་རང་གིས་རང་ལ་རློམ་སེམས་བརྟན་པོ་བཅངས་དགོས།  ཇི་ལྟར་རང་འགུལ་སྒོས་སློབ་སྦྱོང་བྱེད་པའི་ཐད་ལ་དགེ་སློབ་ཡོངས་ཕན་ཚུན་འབྲེལ་འདྲིས་ཡག་པོ་ཞིག་བྱེད་དགོས་པ་ཡིན།  དེ་མིན་གར་སོང་ས་ནས་ཕ་ཡུལ་དང་མི་རིགས་མི་བརྗེད་ཅིང་།  སེམས་ཤུགས་གང་ཡོད་ཀྱིས་ཐ་ན་དོན་ཕྲན་ཚགས་ལའང་འབད་པ་བྱ་རྒྱུ་གལ་ཟེར།  
         སློབ་མས་དྲིན་ཆེན་ལ་དྲིན་ལན་འཇལ་ཤེས་པ་དང་།  རང་འགུལ་སྒོས་སློབ་སྦྱོང་བྱེད་ཤེས་པར་བྱ་དགོས་ལ།  སློབ་སྦྱོང་ནི་ཨང་དང་པོ་རྩོད་པ་མ་ཡིན་པར་དེ་ནི་ཚེ་གང་བོར་སློབ་སྦྱོང་བྱེད་པའི་ནུས་བ་དང་གོམས་འདྲིས་སུ་ཆགས་པར་གསོ་སྐྱོང་བྱེད་པ་དེ་ཡིན།  སློབ་གསོས་ཕུལ་བྱུང་ཅན་ལ་མཐོང་ཆེན་བྱེད་པ་མ་ཡིན་པར་འདྲ་མཉམ་སློབ་གསོ་ལ་མཐོང་ཆེན་བྱེད་པ་དེ་ཡིན།  ཆེས་ལེགས་པོའི་སློབ་གསོ་གཏོང་བ་ནི་བྱིས་པར་ཆེས་ལེགས་པོའི་མི་ཚེ་བསྐྲུན་པ་དེ་རེད།
         ཐེངས་འདིའི་སློབ་སྟོན་བྱ་འགུལ་ཁྲོད་དགེ་སློབ་ཡོངས་ལ་སློབ་ཁྲིད་དང་སློབ་སྦྱོང་སོགས་ཀྱི་སྟེང་ནས་ངེས་ཤེས་ཟབ་མོ་བསྐྱེད་ཅིང་།  རང་ཉིད་ཀྱི་མི་འདང་བའི་ཆ་གང་མང་ལ་དབང་མེད་དུ་བསམ་གཞིག་འཁོར་བ་དང་།  རྗེས་ཕྱོགས་སྔར་ལས་ལྷག་པར་གོང་འཕེལ་དང་ལེགས་བཅོས་བྱེད་རྒྱུར་སེམས་ཤུགས་ཆེན་པོ་ཐོབ། 


འབྲེལ་ཡོད་འོས་སྦྱོར།