བོད་ལྗོངས་སློབ་ཐོན་སློབ་མའི་ལས་གཏོད་གསོ་སྦྱོང་འཛིན་གྲྭ་ཉིང་ཁྲི་ནས་གཉེར་རྒྱུ་ཡིན་པ།
བོད་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཐད་གནང་བའི་གལ་ཆེའི་བཀའ་སློབ་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་གཏོད་སྦྱོང་བརྡར་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་སྤེལ་ཞིང་། སློབ་ཐོན་སློབ་མ་གང་མང་རང་བདག་ལས་གཏོད་ཀྱི་ལམ་བུར་བསྐྱོད་རྒྱུར་སྐུལ་ཁྲིད་བྱེད་ཆེད། བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་། སྤྱི་ཚོགས་འགན་སྲུང་པུའུ། ཀྲུང་གོ་ལས་ཞུགས་སྦྱོང་བརྡར་ལག་རྩལ་མཛུབ་ཁྲིད་ལྟེ་གནས་ཀྱི་རིག་གཅིག་མཁས་པ་བོད་དུ་གདན་དྲངས་ཏེ། སྤྱི་ཟླ11པའི་ཚེས13ནས23ཉིན་བར་ཉིང་ཁྲིར་སློབ་དུས་གཅིག་གི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་གཏོད་སྦྱོང་བརྡར་འཛིན་གྲྭ་གཉེར་རྒྱུ་དང་། སྦྱོང་བརྡར་བྱེད་རིང་སློབ་མའི་ཟས་སྡོད་སོགས་ཀྱི་འགྲོ་གྲོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་འགན་འཁུར་རྒྱུ་རེད།
སྤྱི་ལོ2006ལོའི་ཚུན་གྱི་རང་ལྗོངས་ཀྱི་སློབ་ཐོན་ལས་མེད་སློབ་མ་དང་། ལས་གཏོད་བྱས་ཟིན་པ་དང་ཡང་ན་ལས་གཏོད་བྱེད་སེམས་ཡོད་པ་མ་ཟད་ལས་གཏོད་ཀྱི་རྨང་གཞིའི་ཆ་རྐྱེན་ལྡན་པའི་མཐོ་རིམ་སློབ་གྲྭའི་སློབ་མ་སྦྱོང་བརྡར་ནང་ཞུགས་རྒྱུར་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད། སློབ་མ་ཚོས་སྤྱི་ལོ2011ལོའི་ཟླ10པའི་ཚེས28ཉིན་གྱི་གོང་སློབ་ཐོན་ལག་འཁྱེར་དང་ཐོབ་ཐང་ལག་འཁྱེར་འཁྱེར་ནས་ཐོ་འགོད་བྱེད་དགོས་ཤིང་། ཐོ་འགོད་བྱེད་ཡུལ་ནི་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་མཐོ་རིམ་སློབ་གྲྭའི་ལྟེ་གནས་སུ་ཡིན།